[A:༢༡༨] མང་ཇའི་ཐོག་སྤོམ་ཐག་སྟོབས་ཆེ་བ། ངེད་རང་ནས་ཚེ་དབང་བརྒྱ་རྩ། རྗེས་གནང་ཁ་ཤས། བསྐང་བ། ཆོས་སྒྲོགས། སྒོམ་སྡེ་བླ་རྒན་འཁོར་བས་ཁྲོ་བཅུའི་གཏོར་ཟློག །སྔགས་པས་རྫོང་དང་མདོས་རིགས་སོགས་ཚ་དྲག་གིས་བསྒྲུབས་ཀྱང་བསོད་ནམས་ལས་མ་གྲུབ་པས། ངེད་རང་ལ་གུས་པའི་ཞལ་ཏ་ཁ་ཅིག་མཛད་དེ་ཞིང་ལ་གཤེགས་པས་སེམས་ཁོང་དུ་ཆུད་པར་གྱུར་ཅིང༌། ངེད་རང་གིས་བླ་མར་གསོལ་བ་དྲག་ཏུ་བཏབ་སྟེ་འཕོ་བའི་རྣལ་འབྱོར་དང༌། སྒོམ་སྡེ་བླ་མས་ཀྱང་གསོལ་འདེབས་མཛད། ཕོ་བྲང་དུ་སྐྱབས་མགོན་ཆེན་པོར་མགྱོགས་བསྔོའི་རྟེན་དང་ཞུ་ཡིག་ཕུལ། ཞག་གསུམ་གྱི་ཆོ་ག་ཚོགས་ཆེན་དུ་སྡེ་པ་ཆེ་གསུམ་པས་ཞུས། སྟེང་དུ་སྒོམ་སྡེ་དཔོན་སློབ་རྣམས་ཀྱིས་ཀྱེ་རྡོར་གྱི་སྒྲུབ་མཆོད་ཞག་བཅོ་བརྒྱད་ཀྱི་རིང་དང༌། ཤོད་དུ་ཚུལ་ཁང་བླ་མ་བསོད་ནམས་ཀྱིས་དབུས་ཞེ་དགུ་པ་བཅོ་ལྔ། མདོ་བརྒྱ་པ་གསུམ། གཟིམས་ཕུག་སྒྲུབ་ཆེན་སོགས་ཀྱིས་ཟན་གཏོར་འབུམ་ཐེར་སོགས་ཞེ་དགུའི་ཁོངས་སུ་བསྒྲུབས་ཤིང༌། བདུན་ཚིགས་ཐོག་གོང་ས་ཆེན་པོར་བྱང་ཞུས་རྟེན་གོས་དར་ལེགས་པ་ཡུག་ཁ་ཤས། ཧོར་སིལ་མཛམ་གླིང་ཀུན་ཁྱབ། ཀོང་རྣ་ཕུང་ཆུང་བཅས་ཆ་འགྲིག །བྱེ་རུའི་ལག་སྐོར་ལེགས་པ། ཁ་ཐི་དིང་ཕོན་གྱི་སྟོད་གོས་སོགས་ན་བཟའ་ཆ་ཚང་ལེགས་པ། སྨན་རྙིང་གི་ཡོལ་བ། ཁྲབ། གྲི། རྟ། དྲེའུ་སོགས་འབུལ་དཔངས་མཐོ་བ་དང༌། སྡེ་སྲིད་སྐུ་ཞབས་སུ་སྐྲོལ་སྒ། གོས་དར་ཡུག །བཟང་ཇ། ཁྲབ། རྟ། དྲེའུ་སོགས་དང༌། དབུ་མཛད་ཆེན་མོར་ཚན་གྲངས། བྱང་ཆས་དཔངས་མཐོ་བ་དང་བཅས་པ། ས་སྐྱར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་བྱང་བུ་སྐྱབས་འཇུག་ཞུ་རྟེན་གོས་