R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༢༠
[A:༢༢༠] སྟག་ལུང་ཚོགས་ཆེན་དང་གྲྭ་ཚང༌། ར་སྒྲེང་རྣམས་སུ་མང་ཇ། དགོན་ཁག་སོ་སོའི་རྟེན་གཙོ་དང༌། གྲགས་ཆེ་བའི་སྐུ་བརྙན་རྣམས་ལ་སྙན་དར་གཟབས་རྒྱས་དང༌། བླ་ཁག་སོ་སོར་བསྔོ་རྟེན། མང་ཇ། བསམ་ཡས་དང༌། ར་སྒྲེང་གཉིས་ལ་དཀར་མེ་འབུལ་བར་སོ་སོར་བཏང་ཞིང༌། ཨ་མ་ལགས་དེ་ཉིད་སྤྱིར་ཆོས་ལ་དད་ཅིང་ནང་དོན་དང༌། མ་ཎིའི་ཐུགས་དམ་སྨར་བ་དང༌། ལྷག་ཏུ་སྔགས་འཆང་བླ་མ་མཆོག་ལ་སངས་རྒྱས་དངོས་སུ་ངེས་པ་རྙེད་པ་ལྟ་བུའི་བྱིན་རླབས་ཀྱིས་བཞུགས་གནས་དཔལ་ལྡན་ས་སྐྱར་སྐྱེ་བ་བླངས་ནས། གསལ་པོར་འདུག་ཚུལ་དགོན་པ་ནས་འབྱོན་མི་རྣམས་ཀྱིས་གསུང་བྱུང་བ་བཞིན་མགྲོན་གཉེར་དཔོན་གཡོག་ཞུ་ཡིག་བཅས་མཆེད་ཀྱི་བྱང་བུ་བཞུ་བ་དང་ལྷན་དུ་རྫོང་བདའ་བྱས་པས། གོང་བཞུགས་ནས་ཤིན་ཏུ་ལེགས་པ་འོང་ཚུལ་བཅས་གནང་འདུག་ཅིང༌། འདི་ཁར་བྱོན་གྲུབ་ནས་ཀྱང་སྐྱེ་བ་སྔོན་མའི་ཆས་དང་ཟླ་བོ་རྣམས་ལ་ངོས་འཛིན་བྱེད་འདུག་པས་ངེས་ཤེས་རྙེད་པར་གྱུར། དངོས་གཞིའི་ཆོ་ག་ལ་ཚོགས་ཆེན་སྟེང་འདི་ཁའི་དགོན་ལག་སོགས་ཁག་ཆེ་བ་རྣམས་བོས་ཏེ། ཞབས་ཏོག་དང་ཡོན་རྒྱས་པ། བླ་ཁག་སོ་སོར་འབུལ་བ། ཐོན་ཐོན་དང་བདུན་ཚིགས། ཟླ་མཆོད་རྣམས་དང་བཅས་པར་འཕེན་ཡུལ་སྟོད་སྨད་ཀྱི་དགོན་ཁག་རྣམས་བསྡུས་ཏེ་ཆོ་ག་ཞུས་ཤིང༌། ལོ་མཆོད་ལ་ཚོགས་ཆེན་བླ་ཁག་དང་བཅས་པར་ཉིན་གཅིག་གི་ཞབས་རྟོག་རྒྱས་པར་ཞུས། སྒྲིབ་སྦྱོང་རྟེན་དུ་གོང་མ་ཁུ་དབོན་དང༌། རྡོ་རྗེ་སེམས་དཔའི་སྐུ་སྟོང༌། རིགས་གསུམ་མགོན་པོ་འདུས་པའི་གསེར་ཐང་ལྔ་བཞེངས་ཏེ་རབ་གནས་རྒྱས་པར་བྱས་ཏེ། དེ་ཉིད་ཀྱིས་གཙོས་ལྟོས་བཅས་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་བ་བླ་མེད་ཀྱི་བྱང་ཆུབ་