[A:༢༢༡]ཏུ་བསྔོས། ཕོ་བྲང་རི་བོ་གྲུ་འཛིན་དུ་གོང་ས་ཡས་ཕྱིན་གྱི་མཇལ་ཁར་ཕྱིན། ཞྭ་ལུ་མཁན་རིན་པོ་ཆེར་ཚར་ལུགས་ཀྱི་མགོན་པོ་ཆེ་ཆུང་གི་སྐོར་རྣམས་ཞུ་རྩིས་ཀྱིས་བསླབ་སྟོན་ཡང་བསྐྱར་ཞུས་པས། རྒྱང་ཙམ་ནས་བཀྲ་ཤིས་ཆོས་སྡེའི་དཔོན་དང་ལྷན་དུ་མཁན་རིན་པོ་ཆེར་ཞུ་རྩིས་བྱས་ཆོག་བསླབ་སྟོན་རྩལ་ཞིང༌། དཔལ་གྲོར་མཁན་ཆེན་རྡོ་རྗེ་འཆང་གི་སྐུ་ཞབས་སུ་ཕྱིན། གྲུབ་ཐོབ་ཚེ་དབང་དང༌། མཁའ་སྤྱོད་མའི་བྱིན་རླབས་ཞུས། ཆོས་ཀྱི་སྙན་འབུལ་ཞུས་པས། དབྱར་ནམ་དུས་ཀྱི་སྟབས་ཕུལ་ན་ལེགས་པ་འོང་འདུག་པས་དེ་རྩིས་ཀྱིས་གནང༌། ངེད་རང་གིས་ཚེ་དབང་ཞིག་ཕུལ། གནས་ཀྱི་དབང་པོའི་བསྟི་གནས་སུ་འབྱོར་ནས་ཆོས་སྡེ་ཆེན་པོར་ཆོས་ར་དང་དུས་དྲན་མཆོད་པ་སོགས་ལུགས་གཉིས་ཀྱི་བགྱི་བ་རིམ་སེལ་བྱས། ༈ ཤིང་སྟག་ལོར་བསླབ་སྟོན་བཀའ་དྲིན་བསྐྱངས་པ་ལྟར་མཁན་ཆེན་རྡོ་རྗེ་འཆང་ལྷོ་མོས་སུ་བཞུགས་པའི་དྲུང་དུ་འབྱོར། གནས་གསར་དབོན་རིན་པོ་ཆེ་དང༌། འདར་པ་རྗེ་དྲུང་སོགས་ངེད་དོན་གཉེར་བ་འགའ་ཞིག་ལ་བྲག་རྫོང་མ་ཕྱི་ནང་གསང་གསུམ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་གསང་ཁྲིད། ཞལ་གྱི་གསང་ཁྲིད། གུར་གྱི་ལྷ་བརྒྱད་ཐུན་མོང་མ་ཡིན་པ་དང༌། བྲག་རྫོང་མའི་རྗེས་གནང༌། ཞལ་གྱི་སྒྲུབ་དུས་དང༌། བསྙེན་དུས། ལས་བཞི། གདོང་བརྙན་ཅན་རྣམས་ཀྱི་རྗེས་གནང༌། གུར་ཞལ་རྣམ་སྲས་གསུམ་གྱི་སྙན་བརྒྱུད་ཀྱི་བེའུ་བུམ་རྣམས་དང༌། གོང་དཀར་ལུགས་ཀྱི་བེའུ་བུམ། རྣམ་སྲས་ལྔ་ཕྲག་གསུམ་དང༌། རབ་བརྟན་མ་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཞལ་གྱི་ཚེ་ཁྲིད་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་