[A:༢༢༢]སྐོར། གཞུང་ས་ཆེན་པོ་ནས་དབང་ཆོས་གནང་བའི་ཕྱག་དཔེ་གཡར་གནང་དང༌། མཐུན་རྐྱེན་དཔངས་མཐོ་བ་ཐབ་ཤིང་གིས་མཐའ་བརྟེན་པ་བཀའ་དྲིན་བསྐྱངས་ཤིང༌། སྙན་བརྒྱུད་ཐུན་མོང་མ་ཡིན་པ་འདི་རྣམས་ཐོབ་པ་ནི་ལྷར་བཅས་འགྲོ་བའི་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་དང༌། མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་དྲིན་ལས་གཞན་དུ་རྙེད་པར་དཀའ་བ་ནི། ཀུན་མཁྱེན་མཁྱེན་བརྩེས། སྐྱེ་བ་གསུམ་གྱི་གོང་ནས་གསོལ་བཏབ་ཅིང༌། །ཚེ་འདིར་ལོངས་སྤྱོད་སྒྲུབ་པས་མཉེས་པར་བྱས། །དད་དང་སྙིང་རྗེ་ཤེས་རབ་མི་དམན་པ། །ཀུན་སྤངས་ཆོས་རྗེའི་བསྟན་ལ་ལྷག་པར་དད། །ཅེས་གསུངས་པ་ལྟར་གཙོ་བོར་གོང་གི་བཀའ་དྲིན་དང༌། ངེད་རང་གི་སྔོན་གྱི་ལས་འཕྲོ་དེ་རྙེད་པ་ནི་ཤིན་ཏུ་སྐལ་བ་བཟང་ངོ༌། །དེ་ལྟར་གསང་ཆེན་ཆོས་ཀྱི་བདུད་རྩི་མང་དུ་ཐོབ་ཅིང༌། ངེད་རང་གིས་ཀྱང་ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་དང༌། མི་འཁྲུགས་པའི་དབང༌། ཀུན་མཁྱེན་རོང་སྟོན་ཆེན་པོ་དང༌། ངོར་ཆེན། མུས་ཆེན་སངས་རྒྱས་རིན་ཆེན་གསུམ་གྱི་བཀའ་འབུམ་གྱི་ལུང་དང༌། ཚེ་དབང་བརྒྱ་རྩ་ཕུལ། དབོན་རིན་པོ་ཆེ་སོགས་ཁ་ཤས་ལ་ཐུགས་འདོད་ཀྱི་ཟུར་ཆོས་ཁ་ཅིག་ཀྱང་ཕུལ་ཞིང༌། མཁན་ཆེན་རྡོ་རྗེ་འཆང་གི་ཞབས་དྲུང་དུ་གསེར་དངུལ་གྱི་མཎྜལ། རྟ། མཛོ། མཛོ་མོ། གོས་དར་སོགས་དཔངས་མཐོ་བ་ཟབ་ཆོས་ཀྱི་བཀའ་དྲིན་ནོས་པའི་ལེགས་འབུལ་དུ་ཕུལ། ངེད་རང་ལ་གོས་དར་སོགས་ཀྱི་གནང་སྦྱིན་ཤིན་ཏུ་བཟང་བ་རྩལ་བྱུང་ཀྱང་བྱིན་རྟེན་ལས་མ་ཞུས། དབོན་རིན་པོ་ཆེ་དང༌། འདར་པ་རྗེས་དྲུང་སོགས་ནས་ཀྱང་དར་རས་གོས་ཆེན་སོགས་ཀྱི་གནང་སྦྱིན་