[A:༢༢༣]སྩལ། འདི་སྐབས་མཁན་ཆེན་རྡོ་རྗེ་འཆང་སྐུ་ཁམས་ཅུང་མ་བདེ་བ་དང༌། ངེད་རང་ཡང་ལུང་རྒྱུན་རིང་བས་མིག་མི་གསལ་བར་བྱུང་བ་གོང་ས་ཆེན་པོའི་སྙན་དུ་ལྷོན་པས་སུམ་ལྡན་རྡོ་རྗེ་འཛིན་པ་འཇམ་དབྱངས་གྲགས་པ་གཟིགས་རྟོག་ཏུ་གནང་བའི་སྐབས། རྣ་མོ་དགོན་འོང་སྒོ་སྟོང་དུ་དུད་གྲངས་ཉི་ཤུ་སྐོར་གནང་བ་བརྩེ་བས་བཀའ་དྲིན་བསྐྱངས་ཀྱང༌། ཐོག་མ་ནས་གཞིས་དང་ཁྱིམ་མཚེས་ཀྱིས་ཞེ་འགྲས་སྟབས། སར་སྐྱ་དྲག་ཞན་རྣམས་ཁ་འགྲིག་ཅིང་ཡིད་མ་རངས་པས་གཞུང་ས་ཆེན་པོའི་བསླབ་སྟོན་ལ་རྩི་མེད་ཀྱི་འོང་སྒོ་དང་འུ་ལག་གཉིས་ཀར་སྒྲུབ་མ་ཉན་པས་བརྗེས་ཤིག་ཞུ་བསམས་པས་སྙན་ལྷོན་ཞུ་གྲོགས་དགོས་ཚུལ་ཞུས། མིག་གི་འཕྲོད་བསྟེན་གསེར་ཚུགས་སོགས་གནང་བར་གསོ་རིག་རྒྱ་མཚོར་མཁྱེན་པའི་དཀྱིལ་འཁོར་རྒྱས་པའི་ཨེམ་མཆི་དར་མོ་ནས་གནང་སྟེ་སྨན་དཔྱད་གནང་བས་མིག་གསལ་བར་གྱུར། ཞག་ལྔ་ཙམ་ནས་དགེ་སློང་རིན་པོ་ཆེ་ཡང་བསྐྱར་གཟིགས་རྟོག་ལ་ཕེབ་སྐབས། གོང་ས་ཆེན་པོའི་བསླབ་སྟོན་ལ་ནད་མི་ཐེག་པ་རང་བྱུང་ན་མ་གཏོགས་པ་རྗེས་གཙང་དང་ལྷོ་ཁ་སོགས་ནས་བྱུང་ན་བེད་མི་ཆོད་པ་ཞིག་འོང་བས་མི་འགབ་འདྲ་བཀའ་དྲིན་བསྐྱངས་བྱུང་བར། གཞུང་ས་ནས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས་པར་བསླབ་སྟོན་ལ་རྩི་མེད་ཀྱི་འོང་སྒོ་བྲེ་གང༌། འུ་ལག་རོགས་བཅོལ་ཕྲན་བུ་ལས་མ་བྱུང་བས། རྣམ་མཁྱེན་ཁྲེལ་བའི་རྒྱུར་འདུག་རུང་ཐག་རིང་ཀྱང་མི་ཞུ་འཐུ་མེད་ཡིན་ཚུལ་སྙན་འབུལ་གནང་རོགས་དགོས་ཚུལ་ཞུས་པས་ཡང་བསྐྱར་ཕེབ་སྐབས་ཤིག །དེ་ན་དོ་ཞག་གཞུང་གི་དེབ་སྤོ་རྩིས་ཡིན་འདུག་པས། དེ་གོང་དུ་ཞུ་རྩིས་བྱས་ན་ལེགས་པར་འདུག་ཅེས་བཀའ་དྲིན་བསྐྱངས། ཆོས་ར་གནང་གྲུབ་ནས་གོང་ས་