[A:༢༢༦]ལ་གནང་ཞིང༌། ཆོས་གཞིས་རྣམས་རྩེ་གདོང་རང་གི་ཕྱག་ན་ཡོད། གོང་ས་ཆེན་པོ་ནས་སྡེ་སྲིད་ལ་དགོངས་ཁྲོལ་གནང་སྐབས་ཕོ་བྲང་དུ་མཇལ་ཁར་ཕྱིན། དགུ་ཚན་ལྔ་ཙམ་གྱི་འབུལ་བ་དང་ཕྱག་དབང་དང་གང་ཅིའི་སྙན་འབུལ་ཞུས་པས་ཤིན་ཏུ་དགེས་པའི་ཚུལ་གནང༌། དཔོན་ཚང་དར་མོ་ནས་མགྲོན་ཁང་དུ་གནང་སྟེ། ན་ནིང་ལྷོ་མོས་ནས་གསུང་བའི་ས་བརྗེས་ཀྱི་སྐོར་ལ། རེ་ཞིག་ཆོས་རྗེ་རང་འབྱོན་མི་དགོས། དོ་ཆོད་གཉིས་ཙམ་ཞུ་དོན་ལ་བཏང་ཆོག་བཀའ་དྲིན་བསྐྱངས། རྣམ་པར་རྒྱལ་བའི་ཆོས་གྲྭར་འབྱོར་འཕྲལ་མཛོད་པ་ལྷུན་གྲུབ་དང༌། མགྲོན་གཉེར་རིན་ཆེན་གཉིས་རྫོང་བདའ་ཞུས་པས་ཞག་ཤས་ནས་མཁར་རྩེ་རྫོང་བཞུགས་དར་ཆུང་ནས་གཟིགས་རྟོག་ཞིབ་འཇུག་ལ་གནང་སོང་ཞིང༌། འདི་ཁའི་ཆོས་སྐྱོང་ཆེན་པོ་དང་ལས་མཁན་ལ་ལུང་བསྟན་ཞུས་པས། རྟ་དང་སྒའི་དཔེ་ཡིན་ཐུགས་ལ་བཞེད་པ་བཞིན་དོན་ཤིན་ཏུ་ལེགས་པའི་ཕྲིན་ལས་ཞུ་གསུང༌། དེ་བསྟུན་ངེད་རང་ཡང་ཞུ་དོན་དུ་ཕོ་བྲང་ཆེན་པོར་བཅར། ལྷ་སར་ཞུ་བསྒུག་ལ་བསྡད། ཉིན་རེ་བཞིན་གསང་སྦུག་གི་ཚ་བོ་གཉིས་དགའ་དང༌། མགྲོན་གཉེར་རིན་ཆེན་གཉིས་ཀྱིས་ཉན་ལན་ཞུས། རྣ་མོ་བ་སྐྱ་སེར་རྣམས་ཀྱིས་ཞུ་ཁྲ་དང་སྙན་འབུལ་སྣ་ཚོགས་ཤིག་ཞུས་སོང༌། ངེད་རང་གི་ཇོ་གདན་གཉེར་པས་བདག་པའི་འོང་སྒོ་དང༌། ཆོས་བཞིན་རྣམས་གཞུང་སར་ཕུལ་ནས་དགོན་པ་དང་ཐག་ཉེ་བ་ཞིག་ནས་ས་བརྗེས་ཐུགས་རྗེ་ཆེ་བ་ཞིག་བཀའ་དྲིན་བསྐྱངས་དགོས་ཤིང༌། སྒྲུབ་མཆོད་རྣམས་དང༌། སྭཙྪ་ལོ་མཇུག་གི་རིམ་གྲོ་སོགས་ཀྱི་ཐེབས་དང༌། དཀོར་པ་རྣམས་རྣ་མོ་དགོན་རང་གི་ཆག་ཐེབས་སུ་བཀའ་དྲིན་བསྐྱངས་ན་ཇི་ལྟར་ལགས་ཞུས་པས། དགོངས་པས་