[A:༢༢༧]བཞེངས་ནས་གཉེར་པའི་འོང་སྒོ་དང༌། སྒྲུབ་མཆོད་ཀྱི་ཐེབས་སོགས་སོ་སོར་དབྱེ་བ་གནང་གྲུབ་སྐབས། དྲུང་པ་གཉིས་ཀྱིས་བཀའ་བློན་ཤག་ཏུ་སྙན་འབུལ་ལ་འཚངས་པར། ཁྱེད་ཚོའི་དགོན་པ་འདེབས་མི་དང༌། སྐུ་དྲིན་ཆེ་བའི་བླ་མ་སུ་ཡིན་བཀའ་འདྲི་ཞིབ་ཏུ་གནང་འདུག་པར། ཐོག་མར་གྱི་བླ་མ་གཉན་དང༌། དྲིན་ཆེ་བའི་བླ་མ་ཐང་སག་ཡ་མི་ཡིན་ཚུལ་ཞིབ་ཏུ་ཞུས། བཅོ་བརྒྱད་པ་དང་ངེད་ཚོ་བླ་གྲྭ་དང་གཡོག་བྱེད་པ་མི་འོང་ཚུལ་ཚ་ནན་གྱིས་ཞུས་པར་བརྟེན་དགོངས་པ་ཁྲེལ་ཏེ། རྟེན་མཆོད་རྣམས་རྒྱལ་སྟོད་པར་གནང༌། སྒྲུབ་མཆོད་ཐེབས་སོགས་གཞུང་བཞེས་དང༌། ཁོ་རང་གྲྭ་པ་བརྒྱད་ཚེ་ནམ་རིང་ལ་ཕོག་ཕྲན་བུ་རེ་གནང༌། དགོན་འཐོར་ཞིག་ཏུ་འགྲོ་ལ་ཐུག་པ་ཞིག་བྱུང་སོང་བ་ནི་བྱ་མཁན་གྱི་ཤིང་རྩེར་རྐང་པ་མགོར་བཞག་ནས་རང་གིས་རང་ལ་བྱིན་རླབས་ཟེར་བ་བཞིན་རང་ཉེས་དང་བསོད་དེའི་དཔེ་བྱུང་སོང༌། ངེད་རང་རྒྱུན་གྱི་དབང་པོར་འབྱོར། ཆོས་སྲུང་རྣམས་ལ་གཏང་རག་གི་མཆོད་པ་རྒྱས་པ་དང༌། ལྷ་གསོལ་ཉིན་གསུམ་གྱི་བར་བྱས། དེ་སྐབས་ཆོས་སྡེའི་ཕུ་ནས་སེར་དྲག་འབྲུག་བསྒྲགས་གློག་འཁྱུགས་པ་དང་བཅས་མཐོང་སྨོན་ཕྱོགས་སུ་སོང་ཞིང༌། གནོད་པ་མ་བྱས་པར་ནི་ཆོས་སྐྱོང་གིས་ཕྲིན་ལས་མྱུར་དུ་སྒྲུབ་པའི་བརྡར་གོ །ངེད་རང་གིས་གཞིས་སུ་ཕྱིན་ནས་བསྡད། རྣ་མོ་རྩིས་བཞེས་སུ་སྡེ་པ་བསོད་ནམས་ཕུན་ཚོགས་དང་དར་ཆུང་པ་གཉིས་ཕེབ་པར། མཛོད་པ་ལྷུན་གྲུབ། ཚ་བོ་གཉིས་དགའ། མགྲོན་གཉེར་རིན་ཆེན་སོགས་ཀྱིས་རྩིས་འབུལ་ཞིབ་ཏུ་ཞུས། ངེད་རང་ལ་མཁར་རྩེའི་འོག་མཐོང་སྨོན་ནས་ཕྱག་འདེབས་དོར་སུམ་ཅུ་ལྷག་ཙམ་སྔོ་ཐོག་རང་བཀའ་དྲིན་བསྐྱངས་ཤིང༌། འོང་འབབས་