R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༢༨
[A:༢༢༨]ལྔ་བརྒྱ་དང༌། གཡོག་ཁ་ཚང་ཐེམ་ལྔ། གཞིས་གཡོག་ཐེམ་ཉི་ཤུ་རྩ་ལྔ་རྣམས་དང༌། མཐོང་སྨོན་དུ་གཏོགས་པའི་ས་རིགས་རྩྭ་ཆུ་ཤིང་གསུམ་སོགས་དབང་རིགས་བདག་ཐོབ་ཚང་མ་གཞུང་འཛིན་ལྟར་བརྩེ་བ་ཆེན་པོའི་ཀློང་ནས་མ་དོར་བའི་ཐུགས་རྗེ་ཤིན་ཏུ་ཆེ་བ་བཀའ་དྲིན་བསྐྱངས་པའི་སྐུ་ཚབ་བཀའ་བརྒྱད་པ་བསོད་ནམས་ཕུན་ཚོགས་དང༌། དར་ཆུང་པ་གཉིས་གནང༌། དགོན་པ་དང་འབྲེལ་མཚུངས་ཤིང་འོང་འབབས་སྨར་བ་བཅས་བླ་བྲང་འཛིན་པའི་མཆོག་ཏུ་གྱུར་པ་བྱང་ཆུབ་བར་དུ་གཞལ་དུ་མ་མཆིས་པའི་བཀའ་དྲིན་སྩལ་བའི་ལེགས་འབུལ་དུ་ཕོ་བྲང་ཆེན་པོར་བཅར། ལས་གཤིན་གྱི་སྐུ་རྡོ་ནག་ལས་གྲུབ་པ། ཆུ་ཤེལ་སྟོབས་ཆེ་བ་ཞིག་གིས་གཙོས་བདོག་པའི་དངོས་པོའི་ལེགས་འབུལ་ཞུས། འབྱེད་ཁྲ་དང་གཏན་ཚིགས་རིན་པོ་ཆེར་གཞུང་འཛིན་ལྟར་བཀའ་དྲིན་བསྐྱངས། ཟུར་ཆས་ཀྱང་རྒྱས་པར་སྩལ་ཏེ་ཕྱིར་འབྱོར། སྟོན་ཆོས་སྡེ་ཆེན་པོའི་ཚོགས་ཆེན་དང༌། ཁམས་སོག་གི་འགྲུལ་པ་རྣམས་ལ་དབང༌། ཁྲིད། རྗེས་གནང༌། བྱིན་རླབས། ལུང༌། རབ་བྱུང༌། བསྙེན་རྫོགས། བྱང་ཞུ་སོ་སོའི་འདོད་སྦྱར་དང་རིམ་སེལ་བྱས། སྐུ་ཞབས་གྲྭ་ཚང་ནས་མངའ་རིས་རབ་འབྱམས་པ་གྲོགས་བཅས་དང་ཁམས་ལ་བླ་མར་ཕེབ་པའི་སྟབས་སྒྲུབས་ཐབས་བརྒྱ་རྩ་ཞུ་བར་གོང་ས་ཆེན་པོ་ནས་བཀའ་ཤོག་རིན་པོ་ཆེ་བཅས་རྫོང་བདའ་བཀའ་དྲིན་བསྐྱངས་པར་སྒྲུབ་ཐབས་བརྒྱ་རྩ་དང༌། ཁོང་རང་གི་ཐུགས་བཞེད་ལྟར་སྒྲུབ་ཐབས་རྒྱ་མཚོ། བདེ་མཆོག་དྲིལ་བུ་པ་སོགས་ཆོས་རྣམས་རྫོགས་པར་ཕུལ་ཞིང༌། བསྙེན་བཀུར་གྱིས་ཀྱང་མཉེས་པར་བྱས་ཏེ་ཕོ་བྲང་ཆེན་པོར་ཕྱིར་ཕེབ། གོང་ས་ཆེན་པོ་ནས་གནས་ཚུལ་གྱི་བཀའ་འདྲི་བཀའ་དྲིན་བསྐྱངས་པར། བཅོ་བརྒྱད་བན་ཚང་པ་ཚོས་གུར་ཞལ་སོགས་ཀྱི་བསྐང་བ་རྒྱུན་ཏུ་གཏོང་འདུག་ཚུལ་ཞུས་འདུག་པས་ཕོ་བྲང་དུ་མཇལ་ཁ་ཕྱིན་སྐབས་མཆོད་དཔོན་ཆེན་མོ་བརྒྱུད་བཅོ་བརྒྱད་ཀྱི་བན་ཚང་པ་ཚོས་དཔལ་ལྡན་རྩེར་ཟླ་བ་བཅུ་པའི་ནང་གུར་