R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༢༩
[A:༢༢༩]ཞལ་གྱི་བསྐང་བ་ཞག་ལྔའི་རིང་གཏོང་བར་ཆས་མཁར་རྩེ་ནས་སྤྲོད་པ་ཡོད་པའི་བསླབ་སྟོན་གནང་བ་བཞིན། དཔྱད་ཁྲ་ནང་བཞིན་དགོས་ཆ་མཁར་རྩེ་ནས་གནང་ནས་བསླབ་སྟོན་ལྟར་ཞུས། ངོས་ཀྱིས་ཕྱིན་ཏེ་ཞབས་པད་བརྟན་པ་དང་བསྟན་སྲིད་རྒྱས་པའི་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་རྒྱས་པར་ཞུས། ཆོས་སྐྱོང་ཐིམ་པའི་བྲག་གི་རྩར་ཕྱིན་པས་རྟེན་རྡོ་གྲུ་གསུམ་རྙེད་པ་དང༌། ནགས་གསེབ་ནས་རྐང་གླིང་འབུད་པ་སོགས་དགྱེས་པའི་རྣམ་འགྱུར་ཀྱང་བྱུང༌། ཕོ་བྲང་རི་བོ་གྲུ་འཛིན་དུ་ལྷར་བཅས་འགྲོ་བའི་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་ས་སྐྱོང་བློ་བཟང་སྦྱིན་པ་རྒྱལ་སྲིད་དུ་དབང་བསྐུར་བ་གནང་བའི་ལེགས་འབུལ་དུ་ངེད་རང་བླ་ཁག །ལས་ཚན་ཁག་དང་བཅས་པ་ལྷ་སར་འབྱོར་ཞིང༌། ལེགས་འབུལ་སོགས་ཁྲི་ཕེབ་སྔོན་མ་ལྟར་ཞུས་ཤིང་སྒེར་མཇལ་ཡང་ཞུས། ངོས་ཀྱིས་ཁྱབ་བདག་ཞྭ་ལུ་བས་ཕྲན་བུར་ལམ་འབྲས་སློབ་བཤད་ཅིག་བཀའ་དྲིན་སྐྱོང་བའི་བསླབ་སྟོན་ཞིག་ཕེབ་དགོས་ཚུལ་ཞུས་པས། ཞལ་དཀྱིལ་ཤིན་ཏུ་འཛུམ་པ་དང་བཅས་དེ་ཁ་ཨེ་འོང་བལྟ་ཆོག་གནང༌། དགྱེས་པ་ཆེན་པོའི་གནང་སྦྱིན་བཅས་བསྟི་གནས་སུ་ལོག །མ་འགྱངས་ཙམ་ནས་མཁན་ཆེན་རྡོ་རྗེ་འཆང་ལ་བསླབ་སྟོན་སྩལ་ཏེ་དགུན་ཟླ་བཅུ་གཅིག་པ་ནས་ལྷོ་མོས་སུ་བཞུགས་གདན་ཆགས། ༈ མེ་འབྲུག་ལོར་ཟླ་བ་གཉིས་པའི་ཉེར་ལྔའི་གཟའ་ཚེས་ལེགས་པར་ངེད་རང༌། གནས་གསར་དཔོན་རིན་པོ་ཆེ། ལྕགས་ཟམ་ཞབས་དྲུང༌། འདར་པ་རྗེ་དྲུང༌། དྲུང་ཡིག་འཇམ་དབྱངས། མཆོད་དཔོན་སོགས་ཉི་ཤུ་སྐོར་ལ་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་བསྐོར་བ་ནི། རྗེ་བཙུན་འཁྲུལ་པའི་དྲི་མ་ཟད་པ་གྲགས་པ་རྒྱལ་མཚན་གྱིས། བླ་མ་བརྒྱུད་པ་དང་ལྡན་རྒྱུད་