[A:༢༣༠]དོན་རིག །དམ་ཚིག་མཆོག་སྲུང་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་བསྟན་བཅོས་དུ་ཤེས། །དེ་ཡི་ཞབས་བསྟེན་གསོལ་བ་ལན་མང་གདབ། །དེ་ཡིས་གནང་ནས་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ལ་དབང་བཞི་པོ་རྣམས་རྫོགས་པར་བླང༌། །བྱིན་རླབས་ཕྲ་མོ་ཙམ་གྱིས་མ་ཡིན་ཏེ། །ཞེས་དང༌། ཚར་ཆེན་རྡོ་རྗེ་འཆང་གིས། ཉམས་ལེན་གདམས་པའི་གཙོ་བོ་ནི། །རྒྱལ་ཡུམ་བདག་མེད་མཁའ་འགྲོ་མར། །པཎ་གྲུབ་དབང་པོ་བི་རཱུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པ། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་ལམ། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་བདག་མེད་མཁའ་འགྲོའི་གཙོ་མོས་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ལ་གདམས་པ་ནས་བཟུང་དབང་བཞིའི་ཆུ་བོ་མ་ནུབ་ཅིང༌། སྙན་བརྒྱུད་མཁའ་འགྲོའི་ཞལ་དྲོད་མ་ཡལ་བ། འཇམ་དཔལ་རྡོ་རྗེའི་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་ཞིང༌། སེམས་དཔའ་ཆེན་པོས་བདག་ཆེན་རྡོ་རྗེ་འཆང་ལ་གདམས་པ། ཁའུ་བྲག་རྫོང་པ་རྗེས་འབྲང་དང་བཅས་པ་ལས་ཐུན་མོང་གདུལ་བྱའི་མིག་དང་རྣ་བའི་ལམ་དུ་མ་གྲག་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསང་ཆེན་སློབ་བཤད་ཀྱི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ལམ། རྒྱབ་རྟེན་ལུང་བྱིན་རླབས་དང་བཅས་པ་གེགས་མེད་དུ་སྩལ་བ་ནི། ཀུན་མཁྱེན་མཁྱེན་བརྩེས། འཁོར་འདས་ཆོས་ཀུན་གསལ་བར་བྱེད་པའི་ལམ། །ཕ་རྒོད་བླ་མའི་གསུང་གི་ཉིན་མོར་བྱེད། །ཡིད་ཆེས་འོད་ཟེར་འབུམ་ལྡན་འདི་ཤར་ཚེ། །གཉིས་སྣང་མུན་པའི་སྨག་རུམ་ག་ཤེད་སོང༌། །ཞེས་