[A:༢༣༤]བྱ་སྐལ་དམན་པས། །ཟབ་མོའི་ཆོས་ཀྱང་ཉན་བཤད་ཆེས་ཕྲའི་ཆེ། །སྔོན་བྱོན་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །ཐུབ་བསྟན་སྤྱི་དང་ཟབ་མོ་སློབ་བཤད་པའི། །བསྟན་པ་བསམ་བཞིན་སྤེལ་ཕྱིར་སླར་བྱོན་པ། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གཅིག་པོ། །ཐམས་ཅད་མཁྱེན་གཟིགས་ཆེན་པོའི་བཀའ་དྲིན་ལས། །དེང་དུས་སྐལ་བཟང་ཀུན་གྱིས་ཐོབ་པ་འདི། །བསམ་གྱིན་བཀའ་དྲིན་སྙིང་ནས་དྲན་པར་གྱུར། །རྒྱུན་གྱི་དབང་པོར་ཕྱིར་འོང་སྐབས་མཁན་ཆེན་རྡོ་རྗེ་འཆང་ལྷོ་མོས་ཀྱི་ལྕང་གསེབ་ཏུ་སྐྱེལ་མར་ཕེབ། བཀའ་བསྒོ་ཞུས་སྐབས་ཕྱག་ཕྲེང་གནང་ནས་རྒྱང་ཙམ་འདི་ཁར་སྡོད་རྩིས་ཡིན་པས་གཙང་དུ་འགྲོ་ཁ་འཕྲད་པར་ཤོག་གསུང༌། དད་གུས་ཀྱི་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་བཞིན་པ་དང་བཅས་སྐུའི་འཕྲོད་བསྟེན་དང༌། ཞབས་པད་ཡུན་རིང་དུ་བརྟན་དགོས་ཚུལ་གྱི་སྙན་འབུལ་ཞུས། ཕྱིར་ལོག་སྐབས་སུ་བཞེངས་ཏེ་ངེད་འགྲོ་བའི་སར་གཟིགས་བཞུགས་པ་མཐོང་ཙམ་གྱི་ས་ནས་རྟ་ཁ་བསྒྱུར་བའི་ཚེ་ཕྱག་གིས་བཀྲ་ཤིས་པའི་ཁ་བཏགས་ཆེ་བ་ཞིག་ངེད་ཕྱོགས་སུ་གཡུགས་པ་གནང་བས་བླ་མ་སངས་རྒྱས་དངོས་ཀྱིས་དད་གུས་གཡོ་བ་མེད་པ་མཁྱེན་པས་ཐུགས་ཡིད་གཅིག་འདྲེས་ཀྱི་བརྡར་གོ །རྣམ་པར་རྒྱལ་བའི་ཆོས་གྲར་འབྱོར་ནས་སོ་སོར་ཆོས་དང་རིམ་སེལ་གྱི་སྐབས་གཞིས་སུ་ཁྱིམ་འཛིན་མར་ཤིན་ཏུ་དགེ་བའི་ལྟས་དང་བཅས་སྲས་འཁྲུངས་འདུག་པ། ངེད་རང་ལ་འཕྲོས་བྱུང་འཕྲལ་ཕོ་བྲང་ཆེན་པོར་སྲུང་འཁོར་དང་མིང་དགོས་ཚུལ་གྱི་ཞུ་ཡིག་ཕུལ་ཏེ་ཞུས་པས་ཐུགས་ཤིན་ཏུ་དགྱེས་ཏེ། སྐུ་ཞང་དབོན་གསལ་ཚེས་ལ་མིང་དང་རྟེན་འབྱུང་སྨོན་ལམ་དང་བཅས་པ་བླ་མ་དགྱེས་མཛད་མ་དང་ཕྱག་མདུད་བཅས་སྩལ། ངེད་རང་གིས་ཀྱང་ཕྱིན་ཏེ་སྲུང་འཁོར་དང་ཚེ་དབང་སོགས་གང་ལེགས་བྱས། མཁན་