R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༥
[A:༢༣༥]རིན་པོ་ཆེ་གཙང་ལ་ཕེབ་རྩེས་བཀའ་འཕྲོས་གནང་བའི་ལྷོ་མོས་སུ་མཇལ་ཁར་ཕྱིན་སྐབས། ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་བརྒྱ་རྩ། སྒྲོལ་དཀར། ཚེ་སྒྲུབ་བུ་སྟོན་གོང་ཁུག་མ་རྣམས་གནང་ནས་ཚེའི་རྟེན་འབྲེལ་སྒྲིག་པ་གནང༌། མཁན་ཆེན་རྡོ་རྗེ་འཛིན་པ་ཕོ་བྲང་དུ་ཕེབ། ངེད་ལྷ་སར་ཕྱིན་ཏེ་ཞག་གཅིག་ནས། གོང་ས་ཆེན་པོའི་མཇལ་ཁ་ཞུས་ཤིང༌། ཁྱབ་བདག་ཞྭ་ལུ་པའི་སྐུ་ཞབས་སུ་ཕྱིན་ནས་གོང་ས་སྐུ་ཞབས་སུ་ཐང་ལྷའི་བཀའ་གཏད་དགོས་ཚུལ་སྙན་འབུལ་ཞུ་གྲོགས་ཞུས་པས། གསོལ་ཚིགས་ལྷན་དུ་གནང་སྐབས་གོང་དུ་སྙན་འབུལ་གནང་འདུག་པར། ཆོས་རྗེ་གཞན་དང་མི་འདྲ་བས་དེ་ཁ་བྱས་ཆོག་གསུང་བཀའ་བཞེས་གནང༌། ཕྱི་ཉེན་ངེད། མཛོད་པ། མགྲོན་གཉེར་བཅས་གསུམ་ལ་བཀའ་གཏད་བཀའ་དྲིན་བསྐྱངས། གསོལ་ཇའི་རིང་རྙིང་མའི་ལུགས་ཀྱི་བཀའ་གཏད་ཀྱི་ཕྱག་ལེན་རྣམས་བསླབ་སྟོན་སྩལ། གོང་ས་ཆེན་པོ་ནས་ཁྱབ་བདག་ཞྭ་ལུ་པར་གསུང་ངག་སློབ་བཤད་གེགས་མེད་དུ་སྩལ་བའི་ལེགས་སོར་ན་བཟའ་ཆ་ཚང༌། གསེར་དངུལ། གོས་དར། ཇ། བུ་རམ་སོགས་དངོས་པོ་དཔངས་མཐོ་བ་དང༌། ཞྭ་ལུར་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་མཆོད་འཛུགས་རྟེན་དུ་ཉེ་སྐོར་ནས་ཆོས་གཞིས་ཕོན་ཆེ་བ་སྩལ་སོང༌། ངེད་ཀྱི་ས་གཞི་བསྙེན་སྔར་ནས་གྲུབ་གཤིས་མགྱོགས་ཙམ་ནཱ་ལེནྡྲར་སློབ་བཤད་ཀྱི་ཞབས་ཕྱི་ཞུ་རྩིས་ལགས་པས་ཇི་ལྟར་ལགས་དང༌། མི་གྲངས་ཀྱང་ག་ཙམ་ལ་བྱས་ཆོག་སྙན་འབུལ་ཞུས་པས། དགྱེས་པས་བརྩེ་བ་ཆེན་པོས་བསླབ་སྟོན་ལ། སློབ་བཤད་འཕྲལ་དུ་བྱེད་རྩིས་ཤིན་ཏུ་ལེགས་ཤིང་མི་གྲངས་ཀྱང་སློབ་བཤད་ལ་ཉི་ཤུ་སྐོར་ལས་མང་བ་མ་བྱུང་འདུག་ཀྱང་ཆོས་རྗེ་ལ་རྟེན་འབྲེལ་གྱི་སྒོ་