R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༣
[A:༢༣༣]པ་དང༌། ཕྲན་བུས་ཆོས་འདིའི་འཆད་ཉན་ལ་ཅུང་ཟད་ཕན་པ་ལ་དགོངས་སམ་སྙམ་མོ། །གསང་ཆེན་སྤྲིན་གྱི་རྔ་གསང་སྒྲོགས་པའི་གནས། །དབུས་འགྱུར་འཛིན་མའི་སྨན་ལྗོངས་ལྷོ་མོས་སུ། །ཁྱབ་བདག་རྡོ་རྗེ་སེམས་དངོས་བླ་མ་རྗེ། །ངེས་དོན་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར། །མཛེས་མཛེས་ཚིག་སྐམ་བསྒྲིགས་པའི་བཤད་ཡམས་ཙམ། །འགྲིགས་འགྲིགས་རྣ་བར་སྒྲོགས་པ་མ་ཡིན་པའི། །ཟབ་ཟབ་ལམ་གྱི་མཐར་ཐུག་སློབ་བཤད་ཆོས། །སྙན་སྙན་གསུང་གིས་འདོམས་ཚེ་སྐལ་བ་བཟང༌། །ཨ་ཧོ་བསྐལ་པར་བསོད་ནམས་བསགས་པའི་འབྲས། །འབྲས་བུ་ཚེ་འདིར་ལེགས་སྨིན་ཟབ་ཆོས་ཐོབ། །ཐོབ་ཙམ་མ་ཡིན་ངེས་ཤེས་སྙིང་ནས་སྐྱེས། །སྐྱེས་ཚེ་གཉིས་འཛིན་སྣང་བ་ག་ཤེད་སོང༌། །དེ་ཚེ་ཕ་རྒོད་རྡོ་རྗེ་འཆང་ཆེན་དེས། །གསང་ཆེན་བསྟན་འདིའི་བདག་ཏུ་ཁྱེད་འོས་ཞེས། །སྙན་བརྒྱུད་གདམས་པའི་གནད་འགག་མ་ལུས་དང༌། །ཕྱག་དཔེ་སྩལ་ཏེ་ཆོས་འདིའི་བསྟན་པ་གཏད། །ཆས་གཞུང་ནས་བཀའ་དྲིན་བསྐྱངས་ཏེ་ཆོས་སྐྱོང་སོ་སོར་དཔོན་སློབ་རྣམས་ཀྱིས་གཏང་རག་རྒྱས་པ་རེ་ཕུལ། ཆོས་རེའི་རིང་དཔོན་སློབ་སོ་སོར་གསོལ་ཕོག་ཐབ་ཤིང་གི་མཐའ་བརྟེན་པ་བཀའ་དྲིན་ཆེ་སྐྱོང་གི་བདག་རྐྱེན་གནང༌། ཕོ་བྲང་དུ་གོང་ས་ཆེན་པོའི་ཕྱག་དབང་ལ་ཕྱིན། བཀའ་འདྲི་རྒྱས་པར་གནང༌། ཐུགས་ཤིན་ཏུ་དགྱེས་ཤིང་གནང་སྦྱིན་ཀྱང་སྩལ་ཏོ། །ཨེ་མ་གསང་ཆེན་མཐར་ཐུག་ཟབ་མོའི་ཆོས། །ཚེ་གཅིག་བཅུ་གསུམ་སར་སྙེགས་ཉེ་ལམ་འདི། །ཁ་བའི་ལྗོངས་འདིར་ས་སྐྱའི་འཇམ་མགོན་དང༌། །མཁས་གྲུབ་བྱེ་བའི་གཙུག་རྒྱན་ཁའུ་པ། །བློ་གསལ་རྒྱ་མཚོ་རྣམས་ཀྱིས་ཆེས་ཆེར་རྒྱས། །དེ་ལྟ་མོད་ཀྱི་གདུལ་