R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༦
[A:༢༣༦]ཞིག་འདུག་པས། མི་གྲངས་དྲུག་ཅུ་སྐོར་ལ་བྱས་ཆོག །མཐོང་སྨོན་ནས་སྔར་སོར་བྱིན་པའི་འཕྲོས་ཐེམ་ལྔ་རེ་འདོད་པར་ཡོད་འདུག་པ། ལྷ་ས་ན་སྡེ་པས་འབྱེད་ཁྲ་གནང་བ་ཡོད་ཅེས་བསླབ་སྟོན་ཕེབ། ལྷ་སར་ཞག་ཤས་ཞུ་སྒུག་ལ་བསྡད་པས་མི་སེར་ཐེམ་ལྔའི་འོང་འབབས་གཡུལ་ཁ་དང་བཅས་པ་བཀའ་དྲིན་དུ་སྩལ་ཞིང༌། གོང་ས་ཆེན་པོར་ཐོན་ཕྱག་ཞུ་བར་ཕྱིན་པས་གཏན་ཚིགས་དང༌། དངོས་པོའི་གནང་སྦྱིན་གྱ་ནོམ་པ་དང་བཅས་བརྩེ་སྐྱོང་བཀའ་དྲིན་བསྐྱངས་སོ། །ཐམས་ཅད་མཁྱེན་ཅིང་གཟིགས་པའི་སྤྱན་རས་ཀྱིས། །ནམ་ཡང་འདོར་མེད་འདི་ཕྱིར་རྗེས་སུ་བཟུང༌། །ཁྱད་པར་མཐོང་ཐོས་སྨོན་པའི་གཞིས་ཁ་འདི། །གཡོག་རིགས་ཡོང་སྒོར་བཅས་པ་བརྩེ་བས་བསྐྱངས། །འདི་འདྲི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར། །བདག་དང་རྗེས་འབྲང་བཅས་པས་གཞལ་མིན་ན། །རྩེ་གཅིག་དད་པའི་སྤུ་ལོང་ཆེར་གཡོས་ནས། །ལག་པད་སྙིང་གར་ཟུམ་ལས་འོས་ཅི་ཡོད། །གནས་ཀྱི་དབང་པོར་འབྱོར་སྐབས་མདོ་ཁམས་ནས། མཁྱེན་བསླབ་མཐར་སོན་འབུལ་དཔོན་བླ་མ་བསོད་ནམས་དང༌། བླ་མ་ལྷར་རྗེ་སོགས་འགྲུལ་པ་སྟོབས་ཆེ་བ་བརྒྱ་སྐོར་འབྱོར། ཚོགས་ཆེན་དུ་མང་འགྱེད་ཤིན་ཏུ་མང་བ། ཆོ་ག་སྟོང་རྩ་བཞི་ཙམ་བསྒྲུབས་སོང་བས་ཉིན་རེ་བཞིན་ཚོགས་དབུར་ཕྱིན། གསེར་དངུལ། རྟ། དྲེའུ། ཇ་ཁྲབ། མཛོ་སོགས་སྟེར་སྦྱིན་དཔངས་མཐོ་བར་བྱུང༌། ངེད་ཀྱིས་ཀྱང་སོ་སོའི་འདོད་སྦྱར་བཞིན་སྦྱིན་བདག་ཕོ་མོ་སོགས་ལ་དམིགས་མེད་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་བགྱིས་ཤིང༌། འགྲུལ་པར་སྣེ་ལེན་གྱི་བདག་རྐྱེན་གཟབས་རྒྱས་དང་ཕོ་བྲང་ཆེན་པོར་དྲག་གྲས་རྣམས་གོང་ས་ཡས་ཕྱིན་གྱི་མཇལ་