R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༨
[A:༢༣༨]ད་ལྟ་དུས་ཇ་མ་ཆད་ཙམ་བྱུང་བ་ཡིན་ནོ།། ༈ མེ་སྦྲུལ་ལོར་རིགས་བརྒྱའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་ངེད་རང་དང༌། བླ་ཁག་ལས་ཚན་གྲྭ་དམངས་དང་བཅས་པས་བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པའི་གསོལ་འདེབས་སུ་ཕོ་བྲང་ཆེན་པོར་བཅར་ཏེ། བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཆོ་ག་དང༌། ངེད་རང་ནས་དགུ་ཚན་དཔངས་མཐོ་བ་ལྔ། གཟིམས་ཁང་ནས་དགུ་ཚན་ལྔ། བླ་ཁག་དང་ལས་ཚན་ཁག་གི་དགུ་ཚན་གཉིས། གྲྭ་དམངས་སྤྱི་པས་དགུ་ཚན་ལྔ་དང༌། དཔོན་སློབ་ཚང་མས་མཇལ་དར་ལེགས་པ་བཅས་ཞབས་བརྟན་ཕུལ་བའི་ཉིན་ཉི་མ་གདུགས་འཇམ་ཞིང་ནམ་མཁའ་འཇའ་ཚོན་གྱིས་ཁེངས་པ་དང༌། ཆོ་གའི་སྐབས་གོང་ས་ཆེན་པོའི་སྐུ་ཚེ་མཐའ་ཡས་ཀྱི་སྐུ་འོད་ཟེར་འཕྲོ་བ་ཞིག་མཐོང་བ་སོགས་རྟགས་ཁྱད་པར་ཅན་ཡང་བྱུང་ཞིང་ཞབས་པད་ཡུན་རིང་དུ་བརྟན་པ་དང༌། སྐུ་ཞབས་རིན་པོ་ཆེར་ཡང་གཟིགས་སྣང་ཞིག་བྱུང་འདུག་པས་ཕྲན་བུ་རང་ཡང་ཚེ་རིང་བའི་རྟེན་འབྲེལ་དུ་མངོན། སྟོན་མོ་དང་ཟུར་ཆས་གནང་ཆ་སོགས་རྒྱས་པར་གནང་སྟེ་རང་གནས་སུ་འབྱོར། ཚོགས་ཆེན་མཁར་རྩེར་ཟླ་བ་གཅིག་གི་རིང་སྒྲོལ་དཀར་གྱི་ཆོ་ག་དང༌། ཆོས་སྒོག་གི་རིང་ཞབས་ཏོག་གཞན་ལས་བཟང་ཞིང་ཡོན་མཐོ་བ་བརྩེ་བས་བསྐྱངས། ཁྱབ་བདག་ཞ་ལུ་བ་གཙང་ནས་དབུས་སུ་ཆིབས་ཁ་བསྒྱུར། རེ་ཞིག་ལྷོ་མོས་གཞིས་ཁར་བཞུགས་གདན་འཇགས། དགའ་ལྡན་ཁང་གསར་དུ་མཆོད་དཔོན་ལགས་དང༌། དགེ་སློང་རིན་པོ་ཆེ་ཁྱབ་བདག་ཞྭ་ལུ་པའི་སྐུ་ཞབས་སུ་པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་གསན་སར་ཕེབ་པའི་གྲལ་དུ་ཤོག་གསུང༌། བཅར་སྐབས་གནོད་འཚེས་རྐྱེན་བྱས་ནད་རོ་ལངས་པས། མཁན་རིན་པོ་ཆེས་ཚེ་དབང་