R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༩
[A:༢༣༩]ལྕགས་སྡོང་མ་རྒྱས་པ། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་སྩལ། གོང་ས་ཆེན་པོའི་སྐུ་ཞབས་སུ་ཤོག་གསུང༌། གུར་དྲག་དང༌། རྟ་མགྲིན་གྱི་རྗེས་གནང་བཀའ་དྲིན་བསྐྱངས་ཤིང༌། བཀའ་བསྒོ་ཞུས་སྐབས་རེ་ཞིག་ལྷོ་མོས་སུ་འཕྲོད་བསྟེན་ལ་སྡོད་གསུང་བཀའ་གནང་ལྟར་ལྷོ་མོས་སུ་ཕྱིན། ཕོག་སོགས་ཆ་རྐྱེན་རྣམས་གཞུང་ས་ཆེན་པོ་ནས་བཀའ་དྲིན་བསྐྱངས། དཔོན་ཚང་དར་མོ་ནས་བསླབ་སྟོན་བཅས་བཀའ་དྲིན་ཆེ་བས་ཞག་གསུམ་ཙམ་བཞུགས་ནས་བཤལ་གྱི་འཕྲོད་བསྟེན་གནང་བས་བླ་མ་མཆོག་གི་ཐུགས་རྗེས་རྟགས་ཤིན་ཏུ་ཐོན་པ་བཅས་ལེགས་པར་བྱུང༌། དབོན་ཚང་དར་མོ་ནས་ཡང་ཡང་ཕེབ། དབོན་པོ་ལོ་ཡག་དང༌། ཁལ་ཁ་ཆོས་རྗེ་གཉིས་བཀའ་སམ་ཆུ་ཐོག་བར་ཁག་རེས་རྟེན་གནང་བཅས་བཀའ་དྲིན་ཡང་ཡང་བརྩེ་བས་གནང༌། ནད་གཞི་རིམ་དྭངས་སུ་སོང་སྐབས་རྒྱང་ཙམ་ནས་འདི་ཁར་བྱོན་ནས་གསང་བ་འདུས་པ་འཇམ་རྡོར་དང༌། སྤྱན་རས་གཟིགས་ཀྱི་དབང་དབོན་རིན་པོ་ཆེ་སོགས་ལ་དགོས་པར་འདུག་ཕེབ་པ་བཞིན། གོང་ས་ཆེན་པོའི་ཕྱག་དབང་ལ་བཅར་སྐབས་ཆིབས་ཆེན་ཁ་ཤས། ཨ་གྲུང་ཁ་ཤས་བཅས་བསུ་བར་གནང༌། དགྱེས་པ་ཆེན་པོས་ཕྱག་དབང་དང༌། དབང་གི་བསླབ་སྟོན་བཀའ་དྲིན་བསྐྱངས་ནས་བརྟན་མ་ཁང་དུ་བསྡད། བཀའ་བློན་ཤག་ཏུ་མཁན་ཆེན་རྡོ་རྗེ་འཆང༌། དབོན་རིན་པོ་ཆེ། མཆོད་དཔོན་ལགས། དགེ་སློང་རིན་པོ་ཆེ། བཟང་ལྡན་མཁན་པོ། །ཞྭ་ལུ་མཁན་འཇམ་དབྱངས། དྲུང་ཡིག་བསྟན་འཛིན་དབང་པོ་སོགས་མང་ཙམ་ཞིག་ལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་དང༌། སྤྱན་རས་གཟིགས་གཉིས་ཀྱི་དབང་དངོས་སྟ་ཤིན་ཏུ་རྒྱས་པར་ཕུལ་བས། མཁན་