[A:༢༤༠]ཆེན་རྡོ་རྗེ་འཆང་ལ་ཡང་དག་དང་གཤེད་དམར་གཉིས་གོང་ས་ཆེན་པོ་ནས་བཀའ་རྩོམ་བཀའ་དྲིན་བསྐྱངས་པའི་ལྗགས་ལུང་ཞུས། གོང་དུ་ཐོན་ཕྱག་ཞུས་སྐབས། དུས་འཁོར་དང་མཁའ་འགྲོ་རྒྱ་མཚོའི་དབང་དབོན་རིན་པོ་ཆེར་འབུལ་དགོས་པའི་བསླབ་སྟོན་དང་གནང་སྦྱིན་སྐུ་མདུན་དུ་སྩལ། ལྷ་སར་ལོག་ནས་ཕྱི་ཉིན་འབྲས་བུ་གླིང་དུ་མཁན་ཆེན་རྡོ་རྗེ་འཆང་གཙང་དུ་ཕེབ་པའི་ཕེབ་སྐྱེལ་དུ་ཕྱིན། བྱང་ཆུབ་མ་ཐོབ་བར་རྗེས་སུ་འཛིན་པའི་སྙན་འབུལ་ཞུས། ལུགས་གཉིས་ཀྱི་ཞལ་ཏ་ཞིབ་ཏུ་སྩལ། གཙང་དུ་ཆིབས་ཁ་བསྒྱུར། ངེད་བསྟི་གནས་སུ་འབྱོར་ནས་འབུལ་སྡུད་ཁག་དང་གྲྭ་རིགས་རྣམས་ལ་དབང་ལུང་མང་ཙམ་དང༌། དགོན་ལག་ཏུ་འགྲོ་བ་དང་དུས་དྲན་མཆོད་པ་སོགས་སྔར་རྒྱུན་ལྟར་བསྒྲུབས། ༈ ས་རྟ་ལོར་ཨ་མདོ་ནས་ཆོས་རྗེ་དཔོན་སློབ། ངེད་རང་གི་འབུལ་དཔོན་བླ་མ་འདུན་གྲོང་པ་བསྟན་འཛིན་ཆོས་འཕེལ། ཧོར་པ་དང་སྨར་ཁམས་སོགས་འགྲུལ་པ་ཉིས་བརྒྱ་སྐོར་འབྱོར། ཉིན་རེ་བཞིན་མང་འགྱེད་ཐོག་ངེད་རང་གིས་ཕྱིན་ཞིང༌། ཆོས་རྗེ་སོགས་ཀྱིས་རོལ་མོའི་རིགས་དང༌། མཆོད་རྫས་དུ་མ། གོས་དར། ཇ་རྟ། མཛོ་གཡག་སོགས་ཀྱི་དངོས་པོ་དཔངས་མཐོ་བའི་སྟེར་སྦྱིན་རྣམས་བླངས། ངེད་རང་ནས་ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་བསྔོས། འབུལ་དཔོན་བླ་མ་བསྟན་འཛིན་ཆོས་འཕེལ་གྱིས་ངེད་རང་གི་ཚོགས་ཁང་དུ་གསེར་སྐུ་རྒྱ་ནག་མ་འབྱོན་གཙང་བ། རྒྱ་སིལ། གསེར་དངུལ། གོས་ཆེན། ཇ་ཀོ་ཏྲ་ཤིན་ཏུ་མང་བ། རྟ་དྲེལ་སུམ་ཅུ་སྐོར། མཛོ་གཡག་སོགས་ཀྱི་རྩིས་སྤྲོད་ཀྱི་འབུལ་བ་མིག་རྒྱན་ལ་ཕན་པར་བྱུང༌། འགྲུལ་པ་རྣམས་ལ་ཆོས་དང་སྣེ་ལེན་འདོད་སྦྱར་བྱས། ཆོས་རྗེ་སོགས་དྲག་གྲས་རྣམས་གོང་ས་ཡས་ཕྱིན་