[A:༢༤༡]ལ་ཕྱག་དབང་ཞུ་བར་བཏང་ཞིང༌། འགྲུལ་པ་རྣམས་གཙང་མཇལ་དུ་སོང༌། རྒྱལ་བས་རྒྱུ་འབྲས་ཀྱི་འབྲས་བུ་བསླུ་བ་མེད་པ་མདོ་རྒྱུད་དུ་མ་ནས་གསུངས་པ་ལྟར་སྐྱེ་བ་སྔ་མར་གཞན་ལ་འཚེ་བ་བྱས་པའི་འབྲས་བུ་ཚེ་འདིར་སྨིན་པའི་བྷིཥའི་ཟས་ཡང་བསྐྱར་ཞིག་བྱུང་བས་འཆི་བར་ཐུག་པ་ཞིག་ན་བར། བླ་བྲང་མ་འཐོར་ཙམ་དང༌། དངོས་པོ་སོགས་སྔར་རྒྱུན་ལྟར་གྱི་རེ་བས་དབྱུག་གུ་སྤུན་གྱི་ཐང་སྐུ་གཉིས་བཞེངས་པའི་གཅིག་འདི་ཁའི་ཕྱག་མཛོད་སྦུག་དང༌། གཅིག་གཞིས་སུ་བསྐུར་ཏེ་ཞབས་དྲུང་ལ་ཅག་ཐོན་དགོས་པའི་བཀོད་པ་བཅས་མགྲོན་གཉེར་རྫོང་བདའ་བྱས། ཅུང་ཞིག་ཐུ་རུ་སོང་སྐབས་བླ་མ་དགེ་སློང་གིས་གླུད་བརྫོངས་དང༌། ཆ་གསུམ་གྱི་སྟབས་འཁྲིས་སུ་བཞུགས། མཛོད་པ་ལྷུན་གྲུབ་ཀྱིས་མང་ཇའི་ཐོག་སྦོམ་ཐག་འཕྲལ་བཏང་དང༌། ཕོ་བྲང་ཆེན་པོར་བསླབ་སྟོན་དང༌། སྲུང་འཁོར་ཐུགས་དམ་སྐྱབས་འཇུག་ཞུ་བའི་རྟེན་ཀླུ་འབྱིན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་འགངས་ཆེ་བ་ཞོན་རྟས་གཙོས་ཚན་གྲངས་ཞུ་ཡིག་བཅས་འབུལ་བར་བཏང་བ་སྐུ་ཞབས་སུ་འབྱོར་འཕྲལ་ཐུགས་འཛངས་ཀྱི་ཚུལ་གྱིས་གསུང་བརྟག་འཕྲལ་དུ་གནང༌། འཚུབས་ཆ་ཆེ་ཙམ་འདུག་པས་རིམ་གྲོའི་བསླབ་སྟོན་དང༌། རིན་ཆེན་རིལ་བུ་གཉིས་དང༌། དབང་པོའི་རིལ་བུ་གསུམ་ཉི་ཚོད་བཀའ་སམ་དུ་ཐེབས་པའི་འཕྲལ་རྫོང་གནང༌། འཚོ་མཛད་རྟ་མགྲིན་ཚེ་རིང་གིས་གསུང་བརྟག་མ་ཕེབ་གོང་སྐྱོན་བྱུང་དོགས་ཀྱི་བཤལ་བཏང་བས་བླ་མ་རྣམས་ཀྱི་ཐུགས་རྗེས་ཤིན་ཏུ་ཐེབས་པ་བྱུང༌། རིམ་གྲོར་ཚེ་ཆོག་སྟོང་རྩ། ཀུན་རིག་སྟོང་རྩ། ཚེ་གཟུངས་འབུམ་ཐེར། སྒྲོལ་མ་དང་ཤེར་སྙིང་འབུམ་ཐེར། གདུགས་དཀར་ཁྲི་ཚར། གཙུག་ཏོར་འབར་བ་སྟོང་རྩ། གཟུངས་འདུས་བརྒྱ་རྩ། བཀའ་འགྱུར།