[A:༢༤༢] འབུམ་དང་ཉི་ཁྲི། བརྒྱད་སྟོང་རྣམས་ལོ་གྲངས། བཀའ་ཐང་དང༌། གསེར་འོད་བརྒྱ་རྩ། ཆོས་སྐྱོང་སོ་སོར་བསྐང་བ་བརྒྱ་རྩ་དུ་མ་དང༌། མཚན་རྒྱུན། ཕྱོགས་བཞིའི་གཏོར་མ། བླ་མ་དགེ་སློང་གིས་གཙོས་དགེ་འདུན་རྣམས་ཀྱིས་ཆ་གསུམ་དང༌། གླུད་ཁ་བརྒྱ་རྩ། འཕན་ཡུལ་གྱི་དགོན་ཆེ་ཕྲར་མང་ཇ། སྔགས་པས་བརྒྱ་བཞི་སོགས་མདོས་རིགས་སྣ་ཚོགས། རྒྱལ་རྫོང་རྣམས་བསྒྲུབ་པ་དང༌། སེང་གདོང་མའི་སྒྲུབ་པ་ཞག་ཉེར་གཅིག་བསྒྲུབས་ནས་གཏོར་མ་འཕངས་པས། གཏོར་མ་ནས་མེ་སྟག་གནོད་བྱེད་ཕྱོགས་སུ་སོང་འདུག །གོང་གི་བསླབ་སྟོན་ལྟར་ཤི་སྒྲ་བརྗོད་པ། ལུས་བསྒྱུར་སོགས་བྱས་པས་ཚེ་འཐེན་ཙམ་བྱུང༌། འདི་སྐབས་ཤིག་རྨི་ལམ་དུ། ཚ་དམྱལ་དུ་སླེབས་ནས་རྡོ་གཞོང་འདྲ་བ་ཞིག་གི་ནང་དུ་ངེད་ཉལ་ནས་གནས་པས་མཐའ་སྐོར་དུ་གཤིན་རྗེའི་སྐྱེས་བུ་མང་པོས་མཚོན་ཆ་སྣ་ཚོགས་དང༌། ཐོ་བ་མང་དུ་འཕྱར་ཏེ་བསྡིགས་གྲབས་སུ་འདུག་པ་མཐོང་མ་ཐག །དམྱལ་བའི་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་ང་རང་གནས་འདིར་ཅི་བྱུང་ཡང་ལོ་སྟོང་ཕྲག་དུ་མར་སྡོད་སྙམ་པས་སྙིང་ནས་ཞེ་དམ་བཅས་པ་དང་གཤིན་རྗེ་རྣམས་མིག་ཕབ་སྟེ་མཚོན་ཆ་རྣམས་ཞུལ་གྱིས་བཞག་སོང་བའི་ངང་ནས་ངེད་ལྷ་སའི་ཁྱམས་ར་ནང་མའི་སྒོ་རྩར་སླེབས། མི་ཁ་ཤས་དང་བཅས་ཇོ་ཤཱཀ་གི་སྐུ་མདུན་དུ་འབྱོར་པ་དང་གཉིད་སད། སེམས་བསྐྱེད་འདི་བཞིན་བྱས་ན་སྡིག་སྒྲིབ་སྦྱོང་བ་ལ་གཞན་ལས་ལྷག་པར་འདུག་སྙམ། གོང་ས་ཆེན་པོར་བསླབ་སྟོན་ཞུ་བ་དང༌། སྐུའི་བླ་སྨན་ཨེ་མ་ཕྱི་དར་མོ་ནས་ལ་འཕྲོད་བསྟེན་གྱི་བསླབ་སྟོན་ཞུ་བར་ཞུ་ཡིག་བཅས་མཚོ་མཛད་རྟ་མགྲིན་ཚེ་རིང་བརྫོངས་པས། དགེ་སློང་རིན་པོ་ཆེ་བརྒྱུད་ཕུལ་