R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༤༣
[A:༢༤༣]བར་ཐུགས་ཤིན་ཏུ་དགྱེས་ཏེ། སླད་ནས་རིམ་གྲོ་དང་སྤང་བླང་གི་བསླབ་སྟོན་བཀའ་སམ་རིམ་གྲོའི་རྒྱུར་དངུལ་སྲང་བཞི་བཅུ་ཞེ་ལྔ་བཀའ་དྲིན་དུ་སྩལ། དཔོན་ཚོང་རིན་པོ་ཆེས་ཀྱང་བསླབ་སྟོན་ཞིབ་རྩོལ་གནང་ནས་འཁྲིས་སུ་བཅར། འདི་སྐབས་རྗེ་བཙུན་ཆེན་པོ། གཡག་རོང་རྣམ་གཉིས། མཁྱེན་རབ་ཆོས་རྗེ། གོང་མ་དེ་ཉིད་སོགས་བླ་མ་དང་ཡི་དམ་ཆོས་སྲུང་དུ་མ། དཔའ་བོ་མཁའ་འགྲོ་དུར་ཁྲོད་ཀྱི་མཐོང་སྣང་དང༌། སྐབས་འགར་རྒྱ་འདྲེ་མང་པོས་རྩོད་པ་བྱེད་པ་དང༌། ཆོ་འཕྲུལ་སྣ་ཚོགས་སྟོན་པ། ཨ་ཙ་རའི་གཟུགས་ཀྱིས་མཚོན་ཆའི་འཁྲུལ་འཁོར་བྱེད་པ་སོགས་འཁྲུལ་སྣང་དུ་མ་བྱུང༌། གོང་གི་བཀའ་བཞིན་རིམ་གྲོ་བ་རྣམས་ལ་ཞབས་ཏོག་དང་ཡོན་ཤིན་ཏུ་བཟང་བ་མཛོད་པས་བསྒྲུབས། འཚོ་མཛད་ཀྱིས་འཕྲོད་བསྟེན་དང༌། ནད་གཡོག་མགྲོན་གཉེར་རིན་ཆེན་དང༌། གསོལ་དཔོན་ཀུན་བཟང་གཉིས་ཀྱིས་ཅག་ཐོན་དང༌། མཛོད་པ། བླ་མ་མདུན་གྲོགས་པས་གཙོས་ནང་འཁོར་སྐྱ་སེར་ཚང་མ་དང༌། ནཱ་ལེནྡྲའི་བླ་ཁག་དང་ཚོགས་ཆེན་དགོན་ལག་སོ་སོས་ཉེ་བ་དཔལ་གནས་དང༌། གསང་སྦུག་མི་སེར་རྣམས་སོ་སོ་ནས་འབྱོར་བསྟུན་གྱིས་འབུལ་བ། ཚོགས་འཁོར་སོགས་ཟབ་རྒྱས་ཀྱི་རྟེན་འབྱུང་དང༌། རིམ་གྲོ་ཁུར་བླངས་ཀྱིས་བསྒྲུབས་པས་ནད་ལས་ཐར་ཏེ་ལུས་ཀྱི་ཤེད་ཆེ་བ་རང་མ་བྱུང་ཀྱང་གོང་ས་ཆེན་པོ་མཇལ་འདོད་ཀྱི་ཕྱག་དབང་དུ་ཕྱིན་པས་བརྩེ་འཛིན་གྱིས་དགྱེས་ཚོར་དང༌། ནད་མཇུག་སྐྱོང་དགོས་ཚུལ་གྱི་བསླབ་སྟོན་དང་གནང་སྦྱིན་སྩལ། མཆོད་དཔོན་ལགས། དགེ་སློང་རིན་པོ་ཆེ། དགེ་སློང་ངག་དབང་དཀོན་མཆོག །དཔོན་ཚང་སྐུ་ཞབས་སོགས་ཕྱག་ཕྱི་དྲག་གྲས་རྣམས་ཀྱིས་དགྱེས་ཚོར་གྱི་གསུང་འཕྲོས་དང༌། ཁ་བཏགས་ཆེ་བའི་གནང་སྦྱིན་སྩལ་ཏེ་ཆོས་གྲར་འབྱོར།