R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༤༤
[A:༢༤༤] སོ་སོར་འདོད་སྦྱར་གྱི་དབང་ལུང་སོགས་དང༌། རབ་བྱུང༌། དགེ་ཚུལ། བསྙེན་རྫོགས། བྱང་ཞུ་སོགས་རིམ་སེལ་བྱས། རྒྱ་ནག་མི་སྣ་དང་ལྷན་དུ་ཆོས་རྗེའི་འབུལ་སྐྱེལ་བ། དགེ་སློང་སངས་རྒྱས་དཔོན་གཡོག་རྣམས་འབྱོར། བླ་བྲེ། དངུལ། དར། གོས་ཆེན་སོགས་དངོས་པོ་རྣམས་རྩིས་སྤྲོད་དང༌། ད་རྒན་ཆོས་རྗེ་གྲོངས་པའི་གནས་ཚུལ་བྱུང་བར་ཚོགས་ཆེན་དུ་ཞག་གསུམ་དང༌། བྱིན་རྟེན་ཤིན་ཏུ་མང་བ་བསྲེས་པའི་སྨན་འདམ་ལས་ཚེ་དཔག་མེད་ཀྱི་སྐུ་སྤར་མ་སྟོང་དང་རྩ་གཅིག་བསྒྲུབ་པར་ཞལ་གསེར་དང༌། གཞན་མར་ཟངས་ཆུ་ལྗིབ་གསོལ་བཅས་བསྒྲུབས། ལོ་འདིའི་དབྱར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གོང་ས་ཆེན་པོ་ནས་གནས་གསར་གྱི་དབོན་རིན་པོ་ཆེ་རྡོར་ཕྲེང་གནས་སར་རྫོང་བདའ་བྱེད་རྩིས་ཡིན་པས་དེ་ལུགས་དགོས་ཚུལ་གྱི་བཀའ་ཤོག་རིན་པོ་ཆེ་སྤྱི་བོར་ཕེབ། མ་འགྱངས་པར་ཡང་བསྐྱར་གྱི་བཀའ་ཤོག་བཅས་དཔོན་རིན་པོ་ཆེ་དང༌། འདར་པ་རྗེ་དྲུང་བཅས་ལྷོ་མོས་ནས་ནཱ་ལེནྡྲར་ཕེབ། འདི་ཁའི་དབོན་རྒྱན་མཆོག་གྲུབ་ཀྱིས་གཙོས་བླ་ཁག་ལས་ཚན་རྣམས་ཀྱིས་ཆིབས་བསུ་དང༌། དགོན་གནས་ནས་སེར་ཕྲེང་རྒྱས་པ་བསང་དང་བཅས་པས། བླ་བྲང་དུ་སྤྱན་དྲངས་ཏེ་ཕེབ་འཕྲལ་མཇལ་དར་ཕར་འབུལ་ཚུལ་གནང་དང༌། ཕྱག་རྩེ་སྤྲོད་སོགས་ཀྱིས་མཇལ་འཕྲད་ཞུས། དབུ་ཆོས་སོགས་གྲ་དམངས་རྣམས་ཀྱིས་ཀྱང་མཇལ་དར་ཕུལ། གོང་གི་བསླབ་སྟོན་སོགས་རྣ་བའི་བདུད་རྩིར་གྱུར་པའི་གསུང་འཕྲོས་འཇེབས་ཤིན་ཏུ་ཆགས། དཔོན་སློབ་རྣམས་བླ་བྲང་རང་དུ་བཞུགས་པ་གནང་ཞིང༌། གཞིས་ལེན་དང་རྒྱུན་གྱི་ཞབས་ཏོག་ཤིན་ཏུ་གཟབ་པར་ཞུས། གཞུང་ས་ནས་ཟུར་ཆས་ཀྱི་བཀའ་ཤོག་ནང་བཞིན་མཁར་རྩེ་ནས་ཞུགས་ཤིང་སོགས་འབུལ་མི་གནང༌། ཕྱི་ཉིན་ནས་