[A:༢༤༥]དབོན་རིན་པོ་ཆེ་གཙོ་བོར་གྱུར་པའི་དཔལ་འདམ་དུ་བྱིན་གྱི་འདུས་པ་རྒྱ་མཚོའི་ཚོགས་ལ་ཟླ་བ་གཅིག་གི་བར་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་དང་དགེ་ལེགས་སུ་བྱ་བའི་དཀྱིལ་འཁོར་གསུམ་སྟེ་ཞེ་ལྔའི་དབང་དང༌། ཀྲྀ་ཡ་སྐོར་གསུམ་གྱི་ལུང་སོགས་རྒྱས་པར་ཕུལ་ཞིང༌། དེ་སྐབས་ལོ་ནས་སེམས་དཔའ་ཆེན་པོས་ཁོང་རང་གི་གཟིམས་དཔོན་བླ་མ་སོགས་ཁ་ཤས་རྫོང་བདའ་གནང་བར་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དང༌། མགོན་པོ་ལྕམ་དྲལ་དང༌། རྣམ་སྲས་སོགས་ཀྱི་ཟུར་བཀའི་རྗེས་གནང་དུ་མ། སྒྲུབ་ཐབས་བརྒྱ་རྩ་སོགས་དབང༌། རྗེས་གནང༌། ལུང་མང་ཙམ་ཕུལ། དབོན་རིན་པོ་ཆེས་ཆོས་ཡོན་ལ་གོས་དར། སྣམ་རས་སོགས་ཀྱི་གནང་སྦྱིན་ཤིན་ཏུ་གཟབས་པ་སྩལ། ངེད་ཀྱིས་ཀྱང་དར་རས། གོས་སྣམ། ཇ་རྟ་སོགས་ཀྱི་ཕེབ་རྫོང་རྒྱས་པར་ཕུལ་ཏེ་ཕྱིར་ཕེབ། སྒྲུབ་སྡེ་དབོན་པོས་བྲག་ཆེན་སྒྲུབ་སྡེ་འདི་འོང་སྒོ་གཞན་དང་མི་འདྲ་བ་ཞིག་ཡིན་ཀྱང༌། ས་ཐག་རིང་གཤིས་ངེད་ཚོས་མི་འཁྱོངས་འདུག་པས་བཅོ་བརྒྱད་ནས་བདག་བྱེད་དགོས་གསུང་བ་བཞིན་ལོ་ཤས་བདག་བྱས་ཤིང༌། དེ་ནས་དགེ་སློང་རིན་པོ་ཆེ་སྐུ་དྲིན་གཞན་དང་མི་འདྲ་གཤིས་ཆོས་གཞིས་སུ་ཕུལ། ཆོས་སྡེ་ཆེན་པོར་དུས་དྲན་མཆོད་པ་དང༌། ལོ་མཇུག་གི་གཏོར་བརྗེ་སོགས་སྔར་རྒྱུན་ལྟར་བྱས། ༈ ས་ལུག་ལོར་ལོ་གསར་དང༌། ཚེ་སྒྲུབ་ཞག་བདུན་མ་ཞིག་བྱས། ཁམས་ནས་མཁྱེན་རབ་སྐུ་སྐྱེ་དཔོན་སློབ་ཉི་ཤུ་སྐོར་དང༌། འགྲུལ་པ་ཁ་ཤས་འབྱོར། མང་འགྱེད་དང་ཇ་སོགས་ཀྱི་བསྙེན་བཀུར་བྱུང༌། ལུགས་གཉིས་ཀྱི་སྣེ་ལེན་བྱས། འདི་ལོ་སའི་ཚངས་པ་ཆེན་པོ་སངས་རྒྱས་རྒྱ་མཚོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་བརྒྱའི་ཁྱབ་