[A:༢༤༦]བདག་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོས་གསེར་གྱི་འཁོར་ལོས་སྒྱུར་བའི་ཁྲིར་དབང་བསྐུར་ཏེ་མངའ་གསོལ་བའི་ལེགས་འབུལ་དུ་ངེད་རང༌། བླ་ཁག །ལས་ཚན་དང་བཅས་པས་ཕོ་བྲང་ཆེན་པོར་བཅར་ནས། ངེད་རང་གིས་སྐུ་གསུང་ཐུགས་རྟེན། གསེར་དངུལ། གོས་དར། མེ་མདའ། ཁྲབ། ཇ། རྟ་སོགས་ཀྱི་དགུ་ཚན་ལྔ་དཔངས་མཐོ་བ། གཟིམས་ཁང་ནས་དགུ་ཚན་ལྔ། བླ་ཁག་ལས་ཚན་དང་བཅས་པས་དགུ་ཚན་རེ། སྤྱི་སོ་ནས་དགུ་ཚན་ལྔ། ངེད་ཀྱིས་གོང་ས་ཡས་ཕྱིན་དུ་སྒེར་མཇལ་ལ་དགུ་ཚན་གསུམ་རེ་ཕུལ། སྟོན་མོ་དང་ཟུར་ཆས་གཟབས་རྒྱས། སྒེར་མཇལ་གྱི་སློག་གནང་སྦྱིན་སྩལ། རང་གནས་སུ་འབྱོར་ནས་དུས་དྲན་མཆོད་པ་དང༌། བྱང་ཞུ། གཏོར་སྤོད། བསྐང་བ། བཀའ་འགྱུར་ཆོས་སྒྲོགས་མང་བ། ལོ་མཇུག་གི་རིམ་གྲོ་སོགས་སྔར་རྒྱུན་ལྟར་བྱས། ལོ་འདིའི་ནང་དུ་ལྷ་ཁང་རྒྱལ་སྨད་པར་སྔ་སོར་དགུ་གཏོར་སོགས་ཀྱི་རྒྱུན་མེད་འདུག་ཀྱང་དགེ་སློང་མཆོད་གནས་དང༌། མཆོག་ལྡན་གཉིས་ཀྱིས་བསྐང་གསོ་འཛུགས་རྩིས་ཡིན་པས་ཇི་ལྟར་འགབ་གསུང་བར། དེ་ཁ་མཛད་ན་ཤིན་ཏུ་ལེགས་ཤིང་བསྟན་པ་ལ་ཕན་པ་འོང་འདུག་ཞུས། བསྐང་གསོའི་ཕྱག་ལེན་དབྱངས་སོགས་དཔྱིས་ཕྱིན་པར་བསླབ་སོང་ཞིང༌། འདི་ཁ་ནས་རྒྱ་སིལ་ལེགས་པ། གསེར་རྔ་སོགས་ཆ་ལག །མང་ཇ་སོགས་ཕུལ་ཞིང་གཟེངས་བསྟོད། ལོ་ཕྱི་མར་ཕོ་བྲང་ཆེན་པོར་སྐུ་རིམ་དུ་དམིགས་པའི་བསྐང་གསོ་གསར་དུ་བཙུགས་ཡོད་པས་མཐུན་རྐྱེན་བཀའ་དྲིན་ཆེ་དགོས་ཚུལ་གྱི་ཞུ་ཡིག་ཕུལ་ཞིང་གང་ཅིའི་བཀོད་པ་བྱས་པས་གོང་ས་སྐུ་ཞབས་ནས་རྒྱ་སྦུབ་ལེགས་པ་ཞིག་བཀའ་དྲིན་བསྐྱངས་འདུག། ༈ ལྕགས་སྤྲེལ་ལོར་ལོ་གསར་རྒྱས་པ་དང༌། ཚེ་སྒྲུབ་ཅིག་བྱས་སྐབས་ཤིག་སྦོ་ཤོག་ཏུ་རྒྱལ་