R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༥༢
[A:༢༥༢]སྤྲིན་འདུས་ཏེ་འབྲུག་སྒྲ་ཕྱོགས་བཅུར་སྒྲོག་ཅིག་ཆར་གྱི་རྒྱུན་ཆེན་པོ་བབས་པ་ནི་སྙན་གྲགས་དང་ལོངས་སྤྱོད་ཆེ་བའི་ལྟས་སུ་གོ །གོང་ས་ཆེན་པོར་རྩེ་གདོང་ནས་འཇམ་དབྱངས་སྐུ་མཆེད་ཀྱིས་ངེད་རང་རྡོ་རྗེ་ཕྲེང་བ་སོགས་ཐུགས་བཞེད་ཀྱི་ཆོས་མང་ཙམ་འབུལ་བར་རྫོང་བདའ་གནང་དགོས་ཚུལ་སྙན་འབུལ་གསང་བའི་གོང་ས་མཆོག་ནས་ངེད་ཆོས་འབུལ་བར་འགྲོ་དགོས་ཚུལ་གྱི་བཀའ་ཤོག་རིན་པོ་ཆེ་སྤྱི་བོར་ཕེབ། རྒྱང་ཙམ་ནས་ཕོ་བྲང་དུ་ཕྱག་དབང་དང་གང་ཅིའི་བསླབ་སྟོན་ཞུ་བར་ཕྱིན་སྐབས། གོང་ས་ཆེན་པོ་ནས་མཆོད་དཔོན་ལགས་དང༌། དགེ་སློང་རིན་པོ་ཆེ། སྤོས་དགའ་སྤྲུལ་སྐུ། དགའ་གདོང་རབ་འབྱམས་པ། རབ་འབྱམས་པ་སྐྱེས་མཆོག་སོགས་གྲྭ་ཚང་གི་སྐུ་དྲག་ཁ་ཤས་ལ་སྒྲུབ་ཐབས་རྒྱ་མཚོ་ལུང་བཅས་འབུལ་དགོས་པའི་བསླབ་སྟོན་ཕེབ་ཅིང༌། ཕོ་བྲང་གི་གཟིམས་ཆུང་ནུབ་ཏུ་སྡོད་གནས་བསླབ་སྟོན་ལྟར་འཕྲལ་འབུལ་གྱི་ཉིན་རེ་ལ་རྗེས་གནང་ཉི་ཤུ་རྩ་གཅིག་རེ་གསོལ་ཚིགས་ཡན་ལ་ཕུལ་བའི་ཉིན་དྲུག་གིས་གྲུབ་སྐབས་གོང་ཆབ་བཞུགས་གནང་རིང༌། རྀ་ཥིའི་ཆུ་ཞུགས་འདི་ལུས་ལ་ཤིན་ཏུ་འཕྲད་པར་འོང་བས་ཆོས་རྗེ་རང་ཡང་འགོལ་པ་ཞིག་ཏུ་ཆུ་ཞུགས་མཛོད་ཅེས་བསླབ་སྟོན་སྩལ་ཞིང༌། ཇ་མར་བཞེས་སྤྲོ་མང་བ་བཅས་བཀའ་དྲིན་བསྐྱངས། བསླབ་སྟོན་ལྟར་ཆུ་ཞུགས་གྲུབ་ནས་ཕོ་བྲང་དུ་བཅར་སྐབས། འཁོར་ལོ་བདེ་མཆོག་དང༌། ཀུན་རིག་སོགས་གསན་བཞེད་རྣམས་ལ་སོ་སོའི་བཀའ་གནང་ལྟར་ཕུལ། གཏེར་སྟོན་རིག་འཛིན་ཆེན་པོར་ཚར་ལུགས་ཀྱི་འཇིགས་བྱེད་ཐུན་མོང་མ་ཡིན་པའི་རྗེས་གནང་དགོས་ཕེབ་པ་འབུལ་བར་སྐུ་ཞབས་སུ་འོང་ཞུས་ཀྱང་ངེད་ཀྱི་སར་བཀའ་ནན་གྱིས་ཡར་ཕེབ། གཟིམས་ཆུང་ནུབ་ཏུ་རྗེས་གནང་རྒྱས་པར་ཕུལ། དགྱེས་པའི་གསུང་