R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༥༡
[A:༢༥༡]གྲིབ་མ་བཞིན་དུ་འགྲོགས་པར་ཤོག །ཕྱི་རོལ་མི་མཐུན་གནོད་པ་ཀུན་ཞི་ཞིང༌། །ནང་དུ་འདོད་རྒུའི་དཔལ་འབྱོར་ཕུན་ཚོགས་རྒྱས། །གསང་བ་ལུང་རྟོགས་ཡོན་ཏན་ཡར་ངོ་ཡི། །ཟླ་ཤེལ་ལྟ་བུར་རྒྱས་པའི་བཀྲ་ཤིས་ཤོག །དགེའོ། །ཞེས་པ་འདི་རྣམ་ཐོས་བུས་དངོས་སུ་སྩལ་ཞིང༌། འདི་རྣམས་ཀྱི་ཡ་མཚན་ནི་རིན་ཆེན་མང་སྤྲུལ་དང་དངོས་སུ་མཇལ་བ་ལྟ་བུར་བྱུང་བས་གཞན་གྱི་བློར་མི་ཤོང་བས་བཞད་གད་ཀྱི་རྒྱུར་འདུག་ཀྱང་སྒྲོ་བཏགས་ཀྱི་ཚིག་མིན་པས་ཤེས་ལྡན་ཡིད་ཆེས་ཀྱི་ཟློས་གར་བསྒྱུར་འཚལ་ལོ། །རྒྱལ་བའི་བསྟན་སྲུང་ཆོས་སྐྱོང་རྣམ་ཐོས་བུ། །འཁྲུལ་མེད་བརྒྱུད་པའི་གཞུང་བཞིན་ལེགས་བསྒྲུབས་པས། །དངོས་གྲུབ་འདོད་རྒུ་འབད་མེད་འབྱུང་བའི་བརྡར། །ཡ་མཚན་རྨད་བྱུང་རྟགས་མཚན་མངོན་དུ་གྱུར། །སྤྱན་གཟིགས་བར་སྣང་ཁྱེད་དང་རང་གནས་སྐྱེལ། །སིལ་སྙན་རྔ་སོགས་རང་ཁྲོལ་དུང་འབུད་པ། །གསེར་དངུལ་ཇ་འབྲུ་དངོས་གྲུབ་ཚུལ་གྱིས་སྟེར། །ཡབ་ཡུམ་རྟ་བདག་བཅས་པས་ཕྲིན་ཡིག་སྩལ། །གནས་ཁང་གཟི་བརྗིད་ཉི་མའི་དཀྱིལ་འཁོར་བཞིན། །འབར་བའི་བརྗིད་ཆགས་ལྡན་པའི་སྣང་བརྙན་ལ། །འགྲོ་བ་ལྷ་མིས་བལྟ་བར་མི་བཟོད་འདི། །ངལ་བསོས་རྒྱལ་པོ་མངོན་སུམ་བྱོན་ནམ་སྙམ། །ཨེ་མ་འདི་འདྲའི་ངོ་མཚར་དབྱར་གྱི་རྔ། །ཐོས་པས་བློ་གསལ་གཙུག་ཕུད་ལྡན་པ་རྣམས། །ངོ་མཚར་དགའ་བའི་སྒྲོ་གཤོག་ཟླུམ་པོར་བྱོན། །སྤྲོ་བའི་ཟློས་གར་བསྒྱུར་ཏེ་གར་བྱོས་ཤིག །ཇི་ལྟར་ལུང་བསྟན་པ་རྣམས་ཕྱིས་ཐོག་ཏུ་ཁེལ་བར་བྱུང་ཞིང་ཡ་མཚན་ཆེ་བར་བསམ། སྒྲུབ་པ་གྲུབ་ནས་གཏོར་མ་ཕྱག་མཛོད་དུ་སྤྱན་དྲངས་པའི་ཉིན་ཉི་མ་གདུགས་འཇམ་ཞིང་འཇའ་འོད་ཀྱིས་ཁེངས་བྱུང་བར་སྐད་ཅིག་གིས་འཆར་