R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༥༣
[A:༢༥༣]འཕྲོས་ཞིག་ཏུ་གནང༌། ཞྭ་ལུ་ནས་མཁན་ཆེན་རྡོ་རྗེ་འཆང་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་ཐིམ་པའི་ཚུལ་བསྟན་པའི་མཆོད་འབུལ་དུ་ཕྱག་མཛོད་དཔོན་གཡོག་རྣམས་འབྱོར་བས་གནས་ཚུལ་ཐོས་འཕྲལ་བདག་གི་ཕ་བླ་མ་དེ་ཉིད་བདེ་བ་ནས་བདེ་བར་འབྱོན་པ་དེ་ལྟ་ནའང༌། བདག་སོགས་མགོན་མེད་ཀྱི་འགྲོ་བ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་དེ་རིང་སྟོར་སྙམ་ཡིད་ལ་མི་བཟོད་པའི་སྐྱོ་སྣང་དང་དད་གུས་ཅིག་ཅར་དུ་གྱུར། ངེད་རང་ལའང་མཁྱེན་རབ་རྗེའི་སྐུ་བརྙན་ཕྱག་ནས་མ་སོགས་མཆོད་འབུལ་དཔངས་མཐོ་བར་གནང་བྱུང༌། གོང་ས་ཆེན་པོ་ནས་འཕགས་པའི་སྐུ་ཞབས་སུ་སྙན་ཤལ་དང་མཆོད་པའི་བྱེ་བྲག་དུ་མ་བཅས་ཕྲན་བུར་སྐུ་ཞབས་སུ་ཚབ་ཀྱི་མཆོད་འབུལ་གྱིས་ཕེབས་པས། ངེད་དང་མཆོད་དཔོན་ཆེན་མོ་སོགས་ཁ་ཤས་ཀྱིས་དངོས་བཤམས་ཡིད་འགུལ་བ་དང༌། སེམས་ཀྱིས་ཀུན་བཟང་མཆོད་སྤྲིན་ལྟར་སྤྲུལ་ཏེ་མཎྜལ་དང་མཆོད་འབུལ་རྒྱས་པར་ཞུས། གོང་ནས་དགོངས་རྫོགས་རྟེན་བཞེངས་ཀྱི་ཐེབས་སུ་གསེར་དངུལ། གཡུ། མུ་ཏིག །ཕྲ་རྒྱན་རིན་པོ་ཆེའི་རིགས་སོགས་དངོས་པོའི་གནང་སྦྱིན་བཅས་བསླབ་སྟོན་ཕྱག་མཛོད་ལ་བཀའ་དྲིན་བསྐྱངས་པ་ངེད་རང་ལ་གནས་ཚུལ་དགེ་སློང་རིན་པོ་ཆེ་བརྒྱུད་སྩལ། ངེད་ཀྱིས་གོང་ཞབས་སུ་བླ་མ་དེ་ཉིད་ཀྱི་མཆོད་འབུལ་དུ་རྒྱ་སྦུག་དང་གོས་ཡུག་གིས་གཙོས་ཚན་གྲངས་ཕུལ་བར་སྨིན་རྒྱས་བཀའ་དྲིན་བསྐྱངས། ལྷ་སར་ཉིན་རྒྱུག་ཏུ་ཕྱིན་ཏེ་ཇོ་ཤཱཀ་གིས་གཙོས་ལྷ་ཁང་རྣམས་སུ་སྙན་དར་དང་དཀར་མེ་སོགས་མཆོད་འབུལ་རྒྱས་པར་བྱས། ནཱ་ལེནྡྲ་ཚོགས་ཆེན་ལ་མང་ཇ་ཞུས། གོང་ས་ཆེན་པོ་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྐྱངས་སྐབས་མཆོད་དཔོན་བརྒྱུད་ཞུས་པས། ཐམས་ཅད་མཁྱེན་པས་བསོད་ནམས་རྒྱ་མཚོའི་ཉེ་བརྒྱུད་ཐུགས་རྗེ་