R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༥༤
[A:༢༥༤]ཆེན་པོ་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་གནང་དང༌། སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་གྱི་ལྗགས་ལུང་བཀའ་དྲིན་དུ་སྩལ། གོང་ས་ཡས་ཕྱིན་ནས་ཕྱག་མདུད། ཇ་གོས། དར་སོགས་གནང་སྦྱིན་རྒྱས་པ་དང༌། རྩེ་གདོང་དུ་འགྲོ་བའི་བསླབ་སྟོན། བཟན་ཤིང་སོགས་ཀྱི་བཀའ་ཤོག་བཅས་སྩལ། མཆོད་དཔོན་རིན་པོ་ཆེ་སོགས་སོ་སོས་གནང་སྦྱིན་ཤིན་ཏུ་གཟབས་པ་དང༌། གཡོག་རྣམས་ལ་དང་སྩལ་སོང༌། རྣམ་པར་རྒྱལ་བའི་ཆོས་གྲར་འབྱོར། སྒྲུབ་སྡེའི་བླ་མ་དབོན་པོ་གྲོངས་ནས་སྔར་ལུགས་བཞིན་སྐུ་སྐྱེས་འཛིན་བདག་བྱེད་སྐབས་སེམས་གདོན་གྱིས་བསླད་པ་ལྟ་བུའི་ཆོས་ཚུགས་མི་ཟིན་ཞིང་བྱ་བྱེད་ཤིན་ཏུ་མང་བ་ཞིག་བྱས་འདུག་པར་འདི་ཁའི་གཡོག་ཏུ་སོང་བ་དང༌། བསྟན་པའི་ལ་རྒྱར་སེམས་ནས་དེ་རིགས་བྱས་ནས་མི་འོང་ཚུལ་ནན་གྱིས་ཡང་ཡང་ལབས་ཀྱང༌། སྔོན་ལས་འདི་སུས་ཀྱང་དགག་པར་མི་ནུས་འདུག་པས་དེ་རིགས་མི་འོང་འདུག །བཅོ་བརྒྱད་རང་ནས་བདག་བྱེད་དགོས་ཟེར་བྱུང་བ་དང༌། སྔ་སོར་དབོན་པོ་རང་གིས་ཀྱང་ཞལ་ཆེམས་ལྟ་བུར་སྐུ་སྐྱེ་འདིས་ཟིན་པ་ཞིག་མི་འོང་འདུག་པས་བཅོ་བརྒྱད་རང་ནས་བདག་བྱེད་དགོས་ཟེར་བ་དང༌། ཆོས་སྡེ་འདི་ཁའི་ལུགས་ལ་ཉེ་ལོགས་གཅིག་གིས་མ་ཟིན་ན་གཅིག་གིས་འཛིན་པའི་སྔར་སྲོལ་འདུག་པ་བཅས། ཁོ་པས་མ་ཟིན་ཕྱིན་བྱེད་ཐབས་མ་བྱུང་གཤིས་སྡེ་པ་གཟིམས་དཔོན་ལགས་བརྒྱུད་སྡེ་སྲིད་སྐུ་ཞབས་རིན་པོ་ཆེར་སྙན་འབུལ་ཞུས་པར་དེ་ཁས་འཐུས་ཚུལ་བཀའ་དྲིན་བསྐྱངས་དོན་བཞིན་བླ་བྲང་ཆོས་གཞིས་ཕྲན་བུ་བཅས་པ་བདག་བྱས། མ་འགྱངས་པར་རྩེ་གདོང་ནས་ཀྱང་ཆོས་འབུལ་བར་འོང་དགོས་ཚུལ་གྱི་བཀའ་ཤོག་ཕེབ། གཙང་དུ་རྟ་ཁ་བསྒྱུར། བླ་ཁག་ལས་ཚན་དང་བཅས་པས་རྒྱལ་ནང་བར་བསྐྱལ། ཡར་ལམ་གཞིས་སུ་ཕྱིན་ཏེ་ཞལ་ངོ་རྣམས་ལ་བཀའ་བསྒོ་རྗེས་གནང་