[A:༢༥༥]སོགས་རྒྱས་པར་ཕུལ་ཞིང༌། གང་ཅིར་བཀོད་པས་ཁྱབ་དགོས་པའི་རྒྱུ་མཚན་ཞུས། གཡོག་རིགས་ཡོན་བདག་ཚང་མའི་བརྫོང་བའི་སྟེར་ཆ་དང༌། ཇ་འདྲེན་སོགས་དབྱར་གྱི་མཚོ་ལྟར་ཆལ་ཆིལ་དུ་གྱུར། རིམ་གྱིས་བསམ་འགྲུབ་རིམ་ཁར་ནས་བསྐྱོད་དེ་ལྷ་ཁང་དུ་ཞག་གཅིག་བསྡད་པར། དགེ་སློང་རྣམས་དང༌། གྲྭ་རིགས། ཡོན་བདག་ཚང་མས་དད་གུས་ཀྱི་སྟེར་ཆ་མང་དུ་བྱུང་ཞིང༌། ཚང་མའི་འདོད་སྦྱར་གྱི་རབ་བྱུང་སྐྲ་ཕུད། བསྙེན་གནས། ཚེ་དབང༌། བཀའ་བསྒོ། བསྔོ་སྨོན་གྱི་རྒྱས་འདེབས་ཀྱི་སོ་སོར་ཐུགས་དམ་བསྐང༌། མང་ཇ་དང༌། གྲྭ་ཇ། བསྔོ་རྟེན་རྣམ་གཞག་སོགས་རྒྱས་པར་ཕུལ། ཆོས་སྐྱོང་ཆེན་པོའང་སྐྱེལ་མའི་ཚུལ་དུ་སྐུ་ཕེབ། ཁ་བཏགས་ཆེ་བའི་སྟེར་བྱིན་བཅས་པ་བསྟན་འགྲོའི་དོན་དུ་གདན་ས་འོག་ཏུ་ཕྱིན་པར་ལེགས་ཚོགས་ཀྱི་ལུང་བསྟན་མང་དུ་སྩལ། སྙན་དར་སོགས་གཟབས་རྒྱས་ཕུལ་ཞིང་གཞིས་བྱེས་ཀྱི་ཕྲིན་བཅོལ་བྱས། དེ་ནས་རིམ་གྱིས་བསྐྱོད་དེ་དང་ལ་ཁར་མཛོད་པ་དང༌། ཚ་བ་བླ་མ་བསྟན་འཛིན་གྲགས་པ། དཔལ་གནས་ནས་ཚ་བོ་དཔོན་གཡོག་རྣམས་ཀྱིས་བསྐྱལ། གང་ཅིར་ཅག་ཐོན་དགོས་ཚུལ་བཀོད་པ་དང་བཀའ་བསྒོ་རྒྱས་པར་བྱས་ཏེ་ཁོང་རྣམས་ཕྱིར་ལོག །རིམ་གྱིས་སྟོད་ལུང་བརྒྱུད་ཡངས་པ་ཅན་དུ་འབྱོར། གནས་མཇལ་རྒྱས་པར་ཞུས་ཤིང་མང་སྐོལ་གྱི་ཐོག་བསྔོ་རྟེན་ཡང་ཕུལ། ངེད་ལའང་སྣེ་ལེན་དང་སྟེར་སྦྱིན་མཛད། ལམ་ཐོག་ཏུ་སྡེ་རྣམས་ཀྱིས་བསྙེན་བཀུར་བཟང་བ་བྱུང་ཞིང༌། འུ་ཡུག་ཕུའི་ཆུ་ཚན་དུ་ཁྲི་ཆེན་ཆིབས་ཁ་བསྒྱུར་འདུག་པ་ཕྱག་དབང་ཞུ་བར་ཕྱིན། དྲུང་འཁོར་རྣམས་ཀྱིས་མཇལ་དར་བཅས་བསུ་བར་བྱུང༌། རྟ་སོགས་ཀྱི་ཕྱག་རྟེན་རྒྱས་པར་ཕུལ། སྣེ་ལེན་གཟབས་རྒྱས་གནང་