[A:༢༥༧] ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་དུ་མང་ཇ་དང༌། སྤྱི་འབུལ། བསྔོ་རྟེན། རྣམ་གཞག་སོགས་གཟབས་རྒྱས་སུ་ཕུལ་ཞིང༌། ཕྱག་མཛོད་སོགས་ཕྱག་ཕྱི་དྲག་གྲས་ལ་སྐྱེས་མ་གཟབས་པར་བྱས། མ་འགྱངས་པར་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་དང་དརླན་ཨཱ་ཙརྱས་བཀྲལ་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཉེར་གཉིས་དང༌། དགེ་ལེགས་སུ་བྱ་བའི་དཀྱིལ་འཁོར་གསུམ་སྟེ་བཞི་བཅུ་ཞེ་ལྔའི་དཀྱིལ་འཁོར་དུ་དབང་ཟླ་བ་གཅིག་ཏུ་རས་བྲིས་ཀྱི་སྟེང་ནས་ཕུལ་ཞིང༌། གཞན་ཡང་བཀའ་གནང་ལྟར་སྒྲུབ་ཐབས་བརྒྱ་རྩ་སོགས་དབང༌། རྗེས་གནང༌། ལུང་བཅས་མང་ཙམ་ཕུལ་སྐབས་གོང་ས་ཆེན་པོ་ནས་ཕྲན་བུ་ལུས་གཅོང་བ་དང་ཆུའང་འཕྲོད་མདོག་མ་ཁ་བས་མགྱོགས་ཙམ་ཕྱིར་ལོག་བྱས་ནས་འགབ་ཚུལ་གྱི་བསླབ་སྟོན་བཀའ་ཤོག་རིན་པོ་ཆེའི་སྤྱི་བོར་ཕེབ་པ་དང༌། རྒྱུན་གྱི་དབང་པོ་ནས་མཛོད་པའང་ན་བ་བཅས་གང་ཅིའི་སྟབས་འབོད་མི་བྱུང་བས། སྐུ་མཆེད་ལ་དགོངས་ཁྲོལ་ཞུས་པས་གནང༌། སྟོན་མོ་གཟབས་རྒྱས་ཐོག་གནང་སྦྱིན་དཔངས་མཐོ་བ་སྩལ། བསྟན་པའི་འཛིན་སྐྱོང་གི་སྙན་འབུལ་རྒྱས་པར་ཞུས། ཐུགས་ཡིད་གཅིག་འདྲེས་ཀྱིས་ཕྱིར་འོང་སྐབས་བླ་བྲང་སེར་མོའི་རྡོ་སྐས་མགོ་བར་སྐུ་མཆེད་སྐྱེལ་མར་ཕེབ། ལྷུན་པོ་རྩེ་དང་ཡབ་སྲས་སོ་སོའི་ཕྱག་མཛོད། མཆོད་གཟིམས། མགྲོན་གཉེར་སོགས་ཀྱི་ཐབ་སྐྱེལ། ལས་ཚན་ཁག་རྣམས་དང༌། གསོལ་ཇ་བཅས་སྒྲོལ་མ་རི་བར་གནང༌། ངེད་རང་ནས་ཀྱང་གང་ཅིའི་སྙན་འབུལ་བཅས་ཚན་གྲངས་གཟབས་པར་བྱས། འབྲས་ཡུལ་སྐྱེད་ཚལ་ནས་མཁན་རིན་པོ་ཆེ་དང་སྤྱི་བསོད་འོང་དགོས་ཚུལ་གྱི་ཕྱག་བྲིས་བང་ཕྱིན་བཅས་རྩེ་གདོང་དུ་ཡོད་སྐབས་འབྱོར་པ་དང༌། བསྐྱར་མནན་ཆེ་ཙམ་བྱུང་བས་དེ་ཕྱོགས་སུ་རིམ་གྱིས་ཕྱིན་པས་རོང་བཙན་