[A:༢༥༦]སྒོ་བ་ལ་དང་ཐོབ་རྒྱལ་བརྒྱུད་མཚལ་དུ་བསྡད་པར། ནུབ་མོ་རྨི་ལམ་དུ་ཡུལ་ལྗོངས་སྐྱིད་པོ་ཞིག་ན་ཤིང་སྡོང་ཆེན་པོ་ཕལ་ཆེར་བསྐམས་པ་ཞིག་གི་འདབས་ན་ཀྱེ་རྡོར་དང༌། འཁོར་ལོ་སྡོམ་པ་ཡབ་ཡུམ་སོགས་ཡི་དམ་གྱི་ལྷ་འགའ་རེ་བཞུགས་འདུག་པ་ནི་སངས་རྒྱས་ཀྱི་གདུང་དྲི་མ་མེད་པ་བཞུགས་པའི་ལྟས་སུ་གོ །འོན་ཀྱང་ཤིང་སྐམ་ནི་བསྟན་པ་ཅུང་ཞིག་ཉམས་དམའ་བར་ལྟ་བར་འདྲ། ཕྱི་ཉིན་གདན་ས་ཆེན་པོ་རྩེ་གདོང་དུ་བཅར་སྐབས། ཕྱག་མཛོད། མཆོད་དཔོན། མགྲོན་གཉེར་སོགས་མང་བ་ཞིག་རྟ་བསུར་གནང༌། གཟིམས་ཁང་ཐོག་ནས་བསང་དང༌། ནང་ཟན་རྣམས་ཀྱིས་བསུ་བ་དང་བཅས་བླ་བྲང་སེར་མོར་བསྡད། ཕྱི་ཉིན་འཇམ་དབྱངས་སྐུ་མཆེད་ཀྱི་མཇལ་ཁར་ཕྱིན། གཟིམས་ཆུང་གི་སྒོ་ནང་དུ་བསུ་བར་ཕེབ། མཇལ་དར་དང་ཕྱག་འབུལ་གནང་བྱུང་བར་ངེད་ཀྱིས་ཀྱང་མཇལ་དར་ཕྱག་འབུལ་སོགས་ཞུས་ཤིང༌། གོས་དར། བཞུགས་གདན། ཇ། ཁྲབ། རྟ། མཛོ་སོགས་མང་བ་ཞིག་གི་འབུལ་བ་གཟབས་རྒྱས་དང༌། རྒྱལ་ཡུམ་ལའང་རྟ་བཟང་བས་གཙོས་ཚན་གྲངས་རྒྱས་པར་ཕུལ། གཞིས་ལེན་ཀྱང་རྒྱས་པར་གནང༌། འཕེལ་རྒྱས་སུ་བདག་ཆེན་རིན་པོ་ཆེའི་མཇལ་ཁར་ཕྱིན། ཁྲི་ཐོག་ནས་བཞེངས་པ་དང་གདན་བཟོས་བཅས་ཤིན་ཏུ་ཆེ་བ་དང༌། གཞིས་ལེན་གཟབས་པ་གནང༌། ངེད་ཀྱིས་ཀྱང་རྟ་ལེགས་པ་སོགས་ཕྱག་རྟེན་རྒྱས་པར་ཕུལ། ཕྱི་ཉིན་རྟེན་འབྲེལ་གྱི་སྟབས་སྲས་ཡུམ་ལྷན་དུ་གྲུབ་ཐོབ་ཚེ་དབང་ཕུལ། ལྷུན་པོ་རྩེ་ནས་འབོད་མི་གནང་བས་མཇལ་ཁར་ཕྱིན་པར་ཕྱག་མཛོད་ཀྱིས་གཙོས་དྲུང་འཁོར་རྣམས་བསུ་བར་བྱུང༌། སྐུ་ཞབས་སུ་གདན་བཟོས་མཐོ་བ་དང་བཅས་སྟོན་མོ་རྒྱས་པར་གནང༌། ཞྭ་ལུར་ཕ་བླ་མ་དེ་ཉིད་ཀྱི་མཆོད་འབུལ་དུ་ཇ། མཛོ། གོས་དར་སོགས་འབུལ་མི་རྫོང་བདའ་བྱས།