[A:༢༥༨]སྤུན་གནས་པའི་ཐད་དུ་སྐྱེད་ཚལ་ནས་རྟ་བསུ་དང༌། ཐབ་བསུ་བཅས་འབྱོར། དགོན་གནས་མཐོང་ཙམ་ནས་ཡིད་ཤིན་ཏུ་བདེ་ཞིང་དད་གུས་ཀྱི་བ་སྤུ་ལྡང་བར་གྱུར་ཅིང༌། ཉི་མ་གདུགས་འཇམ་པ་དང་འཇའ་སྤྲིན་གྱིས་ཁེངས། བླ་བྲང་དང་གྲྭ་ཁང་སོ་སོའི་སྟེང་ནས་བསང་དང༌། དགེ་འདུན་རྣམས་ཀྱི་སེར་ཕྲེང༌། ཚོགས་དུང་མཁས་པའི་དཀར་པོ་རྒྱང་གྲགས་བཏང་སྟེ་མཆོད་རྫས་བཅས་བསུས། བླ་བྲང་རྒྱབ་ཏུ་མཇལ་དར་བཅས་མཁན་རིན་པོ་ཆེ་བསུ་བར་ཕེབ། ངེད་ཀྱིས་ཞོན་པ་ལས་བབས་ཏེ་ཕྱག་ལན་ཙམ་བྱས། དགེ་འདུན་རྣམས་ཀྱིས་རྡོ་གཅལ་དུ་མཇལ་དར་དང་བྱིན་རླབས་ཞུས་གྲུབ་ནས། བླ་བྲང་གི་གཟིམས་ཆུང་ངོ་མཚར་དུ་བསྡད། མང་ཇ་ཞིག་འཕྲལ་དུ་ཞུས། མཁན་རིན་པོ་ཆེ་གཞིས་ལེན་ཚུལ་དུ་བཞུགས་ནས་དགོན་གནས་དང༌། འཆད་ཉན་སོགས་ཀྱི་གསུང་གླེང་རྒྱས་པར་མཛད། ཕྱི་ཉིན་མང་ཇ་སྦྱོར་སྦྲེལ་ཐོག་མཁན་རིན་པོ་ཆེ་ཚོགས་སུ་ཕེབ་བར་རྟས་གཙོས་དགུ་ཚན་བཟང་བ་དང༌། གྲྭ་མང་ལ་སྦྱི་འབུལ་དཔངས་མཐོ་བ་ཞུས། གཞིས་ལེན་གྱི་སྟོན་མོ་དཔངས་མཐོ་བ་བྱུང་ཞིང༌། ཀུན་མཁྱེན་ཆེན་པོ་སངས་རྒྱས་འཕེལ་གྱི་བཞུགས་ཁྲིར་བོས་ཏེ་མཁན་པོ་དང༌། སྤྱི་སོ་གྲྭ་མང་གི་སྟེར་ཆ་རྒྱ་ཆེར་མཛད། ངེད་རང་ནས་ཀྱང་ཚོགས་སུ་སྟོན་པ་གནས་བརྟན་བཅུ་དྲུག་དང༌། ས་སྐྱའི་ཟབ་ཆོས་ཕྱག་རྡོར་འབྱུང་པོ་འདུལ་བྱེད། ལོ་མ་གྱོན་མ་རྣམས་ཀྱི་རྗེས་གནང་དང༌། བསྔོ་སྨོན་གྱི་རྒྱས་འདེབས་རྒྱས་པར་ཞུས། དགོང་མཁན་རིན་པོ་ཆེ་དང་ཁོ་སེ་དཔོན་སློབ་ཀྱིས་གཙོས་བཀའ་རམས་ཁ་ཤས་ལ་མགོན་པོ་གུར་ལྷ་བརྒྱད་ཀྱི་རྗེས་གནང་བྱས། ཕྱི་ཉིན་གྲྭ་པ་ཁ་ཤས་རབ་བྱུང་དང༌། ཁམས་པ་གྲྭ་ཚང་དུ་བོས་པར་ཕྱིན། སྣེ་ལེན་དང་སྟེར་སྦྱིན་མང་དུ་བྱུང༌། ངེད་རང་ནས་ཀྱང་གྲྭ་ཇ་དང་སྟེར་སྦྱིན་བྱས།