[A:༢༥༩] མཁན་ཟུར་པ་ཀུན་དགའ་ནོར་བུས་གཟིམས་ཤག་ཏུ་འབོད་བར་མཛད། གཞིས་ལེན་གཟབས་པར་བྱུང་ཞིང་ཚེ་དབང་ཞིག་ཕུལ། ཁྲོ་ཕུ་ཐོག་ཐུབ་མའི་སྐུ་གཉིས་དང་ན་བཟའ་སྐོར། དར་རས་སྣམ་བུ་སོགས་ཀྱི་སྟེར་སྦྱིན་མཛད། དེ་དགོང་བླ་བྲང་དུ་གྲྭ་པ་ཁ་ཤས་ལ་རྟ་མགྲིན་གྱི་རྗེས་གནང་དང་ལུང་ཁ་ཅིག་འདོད་པ་ལྟར་བྱས། ཕྱི་ཉིན་རྫོང་དཀར་བ་རྣམས་ཀྱིས་སྤྱི་དབང་ཞིག་དགོས་ཚུལ་བྱུང་བར་ཚེ་དབང་བྱས། མཁན་རིན་པོ་ཆེ་གྲྭ་མང་དང་བཅས་པ་ཐག་ཤིན་ཏུ་རིང་བར་སྐྱེལ་མར་ཕེབས་པས་རྟ་ལས་བབས་ཏེ་འཆད་ཉན་སོགས་བསྟན་པའི་མིག་རྒྱན་ལ་ཕན་པ་དགོས་ཚུལ་གྱི་སྙན་འབུལ་ཞུས། རྟེན་འབྲེལ་མཚོན་བྱེད་ཙམ་ཕུལ་ནས་ཕྱིར་འོངས་པའི་ལམ་དུ་གཏེར་སྟོན་རིག་འཛིན་ཆེན་པོ་ལྕོག་དཀར་དུ་བཞུགས་པས། ལྕོག་དཀར་སྤྲུལ་སྐུ་དང་ལྷན་དུ་བླ་བྲང་རྩེ་ནས་ལྷ་བསང་དང༌། དུང་ཆེན་གཏོང་བ། མགྲོན་གཉེར་ཀོ་བས་སྒྲོལ་ཏེ་གསོལ་ཇ་དང༌། རྟེན་འབྲེལ་མཚོན་བྱེད་བཅས་གང་ཅིའི་གནས་ཚུལ་གནང༌། ངེད་རང་ནས་ཀྱང་ལན་གྱི་སྙན་འབུལ་ཞུས། དེ་ནས་རིམ་གྱིས་འཕྲང་སྒྲོལ་ལྷ་རྒྱལ་གླིང་དུ་བསྡད་སྐབས། ཡུལ་པ་སོ་སོས་བསྔོ་ཞུས་དང་འཕྲད་མི་ཤིན་ཏུ་མང་བར་བྱུང་བ་རྣམས་ལ་འདོད་སྦྱར་བྱས། སྐྱེ་ཚལ་འོག་ནས་དགོན་གནས་སུ་འོང་དགོས་ཚུལ་གྱི་ཕྱག་བྲིས་འབྱོར་བས་ཁས་བླངས། ཕྱི་ཉིན་དགོན་གནས་སུ་ཕྱིན་པས་མཁན་སློབ་སོགས་ཁ་ཤས་ཀྱིས་རྟ་བསུ་དང༌། དགེ་འདུན་རྣམས་ཀྱིས་སེར་ཕྲེང་རྒྱས་པར་མཛད་ཅིང༌། བླ་བྲང་དང་གྲྭ་ཁང་སོ་སོ་ནས་ལྷ་བསང་བཏང༌། འབྱོར་འཕྲལ་ཁྲི་ཐོག་ཏུ་བོས་ནས་གྲྭ་དམངས་ཀྱིས་མཇལ་དར་གནང༌། ངེད་ཀྱིས་མང་ཇ་སྦྱོར་སྦྲེལ་ཐོག་མཁན་སློབ་སོ་སོར་ཚན་གྲངས་དང༌། གྲྭ་མང་ལ་སྤྱི་འབུལ་གཟབས་པར་བྱས། གཞིས་ལེན་རྒྱས་པ་དང་སྤྱི་སོ། མཁན་སློབ། གྲྭ་མང་ཚང་མས་སྟེར་ཆ་དཔངས་