R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༦༠
[A:༢༦༠]མཐོ་བར་མཛད། ཚོགས་སུ་ཚེ་དབང༌། རྟ་མགྲིན། ཕྱག་རྡོར། སེང་གདོང་མ་སོགས་ཀྱི་རྗེས་གནང་བྱས། ཞག་གཉིས་བསྡད་རིང་ཡུལ་པ་རྣམས་ཀྱིས་བསྔོ་སྨོན། བྱང་བུ་བཞུ་བ། མ་ཎིའི་ལུང་སོགས་དགོས་ཟེར་མི་ཤིན་ཏུ་མང་བ་ཞིག་བྱུང་བར་སོ་སོར་འདོད་པ་ལྟར་བྱས། མཁན་སློབ་དང་གྲྭ་མང་གིས་སྐྱེལ་མ་མཛད། དགོན་གནས་འཛིན་སྐྱོང་སློབ་གཉེར་སོགས་ཀྱི་སྙན་འབུལ་ཞུས། དེ་ནས་རིམ་གྱིས་སྣེ་ཐང་རྒྱ་གྲོང་དུ་འབྱོར་སྐབས། འཕགས་སྡེའི་བྲག་སྣེའི་དགོན་གནས་སུ་ཤོག་གསུང་པས་ཕྱིན། གཞིས་ལེན་རྒྱས་པར་བྱུང༌། ཁྲི་ཐོག་ཏུ་ཕྱིན་སྐབས་གྲྭ་དམངས་ཀྱིས་མཇལ་དར་བླངས། ནང་མཇལ་རྒྱས་པར་ཞུས། སྤྱི་སོ་དང་གྲྭ་པ་སོ་སོས་སྟེར་ཆ་བཟང་བར་མཛད། ཚོགས་སུ་འདོད་ཆོས་ཀྱི་དབང་དང༌། དགོང་མོ་མགོན་པོའི་རྗེས་གནང་སོགས་ཐུགས་འདོད་ལྟར་ཞུས། ངེད་རང་ནས་མང་ཇའི་ཐོག་སྤྱི་འབུལ་དང་སྔགས་མདུད་བྱིན་རྟེན་སོགས་སོ་སོར་ཕུལ། བསྔོ་སྨོན་གྱི་རྒྱས་འདེབས་དཔྱིས་ཕྱིན་པར་བྱས། འོར་དུ་ལུང་བསྟན་སྒྲོལ་མ་མཇལ་བར་ཕྱིན། སྙན་དར་དང་མཆོད་པ་ཕུལ་ཞིང་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱས་པར་བཏབ། དེ་ནས་རིམ་གྱིས་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁར་ལྷ་སར་ཕྱིན། ཕྱག་དབང་གི་སྙན་འབུལ་ཞུས་པས་དེང་སང་ནང་མཚམས་ཤིག་ཡིན་པས་ཞག་བཅུ་སྐོར་ཞིག་སྒུགས་གསུང་པའི་བསླབ་སྟོན་ཕེབ། ཟུར་ཆས་རྒྱས་པར་སྩལ། ཞག་བཅུ་སྐོར་ནས་ཕྱག་དབང་ལ་ཕྱིན་པས་ཤིན་ཏུ་དགྱེས་པའི་ཚུལ་དང་བཅས་རྩེ་གདོང་དུ་ཆོས་ཕུལ་བ་སོགས་ཀྱི་དྲི་བ་ཞིབ་ཏུ་སྩལ། མགྲོན་ཁང་དུ་སྟོན་མོ་གནང་སྐབས་དགེ་སློང་རིན་པོ་ཆེ་གནང་ནས་སང་ནས་རྒྱལ་སྒོ་ཕྱེ་འཕྲལ་འབྱོར་བར་གྱིས། དྲི་བ་ཞིབ་ཏུ་བྱེད་རྒྱུད་ཡོད་སྩལ། ཕྱིན་ཉིན་ནས་སྔ་བར་སྐུ་ཞབས་སུ་བཅར། གཟིམས་ཆུང་ཉི་འོད་འཁྱིལ་བའི་ཕེབ་སྐས་