[A:༢༦༡]བར་མགྲོན་གཉེར་གྱིས་བསྐྱལ། དེ་ནས་ཨེ་མ་ཕྱི་ལགས་ཀྱིས་བསུས་ནས་མཚན་གཟིམས་གཟིམས་ཆུང་དུ་ཕྱིན། སྐུ་མདུན་དུ་གདན་བཟོས་བཅས་འདུག་པར་ཕྱག་དབང་ཞུས་ནས་བསྡད། དགྱེས་པའི་ངང་ནས་རྒྱུད་སྡེ་འོག་མ་གསུམ་གྱི་ཕྱག་ལེན་བཅས་པའི་དྲི་བ་ཞིག་ཏུ་སྩལ་བར་ངོར་ལུགས་དང་བྱིངས་ཀྱི་ཕྱག་ལེན་སོ་སོར་དབྱེ་ནས་སྙན་འབུལ་ཞུས་པར་ཐུགས་ཤིན་ཏུ་དགྱེས་པས་ཉིན་ལྔའི་རིང་དྲི་བ་ཞིབ་ཏུ་གནང༌། སླར་འཕྲོས་རྣམས་འདི་ཁར་འབྱོར་སྐབས་བྱེད་གནང༌། གནང་སྦྱིན་རྒྱས་པར་སྩལ། མགྱོགས་ཙམ་ཞབས་བརྟན་ཞིག་འབུལ་བར་འོངས་ན་ཇི་ལྟར་ལགས་ཞུས་པས། དེ་ཁ་མཛད་ཆོག་བཀའ་དྲིན་བསྐྱངས། སྐུ་ཞབས་ནས་ཕྱིར་འོང་སྐབས་མོས་གུས་གྱི་སེམས་ཤིན་ཏུ་གདུང་བས་འོང་མི་ཕོད་པ་ལྟ་བུ་ཞིག་བྱུང༌། ཕྱི་ཉིན་ལྷ་ས་ནས་སྒོ་ལ་ནང་དུ་འབྱོར། སང་རྒྱན་རིན་པོ་ཆེས་དབུས་ནཱ་ལེནྡྲའི་བླ་ཁག །དབུ་ཆོས། མི་སྣ། ངེད་རང་གི་ནང་བཟན་སྐྱ་སེར་རྣམས་ཀྱིས་རྟ་བསུ་དང་ཐབ་བསུ་འབྱོར། རིམ་གྱིས་བསྐྱོད་དེ་རྣམ་པར་རྒྱལ་བའི་ཆོས་གྲྭ་མཐོང་ཙམ་ན་བླང་བྲང་ཁག་དང༌། ཁམས་ཚན་སོ་སོ་ནས་ལྷ་བསང༌། དར་འཕྱར། དུང་ཆེན་སོགས་རྒྱས་པ་དང༌། ནམ་མཁའ་གཡའ་དག་ཅིང་འཇའ་སྤྲིན་ཁ་དོག་སྣ་ཚོགས་ཤར་བ་ནི་འཁོན་རིགས་འཇམ་དཔལ་རྡོ་རྗེ་སྐུ་མཆེད་ལ་ཆོས་བདག་པོར་ཕུལ་བ་གེགས་མེད་དུ་འཁོར་བ་ལ་རོང་སྟོན་ཐམས་ཅད་མཁྱེན་པ་ཐུགས་དགྱེས་པའི་མཚན་མ་ཡིན་ནམ་སྙམ། དགེ་འདུན་རྣམས་ཀྱིས་གདུགས། རྒྱལ་མཚན། བ་དན། རོལ་མོའི་བྱེ་བྲག་སོགས་སེར་ཕྲེང་གིས་བསུ་བ་ཤིན་ཏུ་རྒྱས་པར་མཛད། བླང་བྲང་དུ་འབྱོར་འཕྲལ་ཚོགས་ཆེན་རྣམས་ཀྱིས་མཇལ་དར་ཕྱུར་བུར་སྤུངས། ངེད་རང་ནས་འདུ་ཁང་ཆེན་པོར་མང་ཇ་དང་གསོལ་བ་ཞུས། ཕྱི་ཉིན་