[A:༢༦༣]རིམ་གྲོ་སོགས་བྱེད་སྐབས་གོང་ས་ཡས་ཕྱིན་དུ་ཞབས་བརྟན་འབུལ་བར་བཅར་ན་ཇི་ལྟར་ལགས་ཀྱི་ཞུ་ཡིག་འབུལ་བར་མགྲོན་གཉེར་རིན་ཆེན་རྫོང་བདའ་ཞུས་པར། གོང་ས་ཆེན་པོ་སྐུ་ཤིན་ཏུ་ལྟེམས་པས་མགྲོན་གཉེར་བཀའ་བློན་ཤག་ཏུ་བོས་ནས། རྣམ་འཇོམས་དང༌། ཁྲོ་བོ་སྨེ་བརྩེགས། ཁྲོ་མོ་སྨེ་བརྩེགས་ཀྱི་ཕྱག་ལེན་མང་བ་བྱེད་ཡོད་མེད་ཀྱི་དྲི་བ་གནང་བར་ཡོད་ཚུལ་ཞུས་པས། མཁར་རྩེར་སྒྲོལ་དཀར་གྱི་ཞབས་བརྟན་ལ་ཡོད་ཐོག་རྣམ་འཇོམས་དང༌། ཁྲོ་བོ་དང༌། ཁྲོ་མོ་སྨེ་བརྩེགས་ཀྱི་ཆོ་ག་གཏོང་དགོས་པའི་བཀའ་ཤོག་དང༌། ཞབས་བརྟན་འགྱང་ཙམ་ཀྱིས་གནང་བའི་བསླབ་སྟོན་ཕེབ། དེ་སྐབས་རྨི་ལམ་དུ་དགོང་གཅིག་ཉི་མ་གཟས་ཟིན་པ་འཇས་བསྐོར་བཞིན་གཞིབ་པ་དང༌། ཡང་དགོང་གཅིག་བཙུན་པ་ཞིག་གིས་གོང་ས་མཇལ་བར་ཤོག་ཟེར། ཕྱིན་པས་ལྷོ་ཕྱོགས་ཀྱི་ནམ་མཁའ་ན་གོང་ས་ཆེན་པོ་བཞུགས་འདུག་པའི་སྐུ་ལས་འོད་ཟེར་འཕྲོས་པ་ངེད་ལ་ཕོག་པས་སེམས་ཤིན་ཏུ་དགའ་བས་དད་གུས་ཀྱིས་ལག་པ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པས། རེ་ཞིག་ནས་འཇའ་ཚོན་གྱི་རྣམ་པར་ཡལ་སོང་བས་སེམས་སྐྱོ་བ་དང་བཅས་གཉིད་སད་པས་མིག་ནས་མཆི་མ་འབབས་པ་ཞིག་བྱུང་བས་སེམས་མ་བདེ་བས་དགེ་སློང་རིན་པོ་ཆེར་སྐུ་ཁམས་ཇི་ལྟར་ལགས་ཀྱི་བསླབ་སྟོན་ཞུ་བའི་ཞུ་ཡིག་ཕུལ་བར། མདངས་སང་སྐུ་ཤིན་ཏུ་ལྟེམ་པ་བྱུང་ཀྱང༌། ད་ཆ་སྐུ་ཁམས་རེ་དྭངས་བྱུང་བས་སེམས་མི་བདེ་བ་མི་དགོས་པའི་ལན་ཞིག་གནང་བྱུང་ཞིང་གཅོད་རྒྱའང་དམ་པར་བཀའ་དྲིན་བསྐྱངས་སོང༌། སྡེ་དགེ་དབོན་པོ་ཀུན་དགའ་རབ་བརྟན་དཔོན་གཡོག་གཙང་ནས་འཁོར་བའི་ཆོས་གསན་པར་ཟླ་བ་གཉིས་ཙམ་བཞུགས་རིང༌། ཀྱེ་རྡོར་རྒྱུ་དབང༌། མགོན་པོ་བྲག་རྫོང་