[A:༢༦༤]མའི་ཕྱི་ནང་གི་ཁྲིད་དང༌། མགོན་པོ་ཟུར་བཀའ་མང་བ། རྣམ་སྲས་ལྔ་ཕྲག་གསུམ་པ་སོགས་དབང༌། རྗེས་གནང༌། ལུང་སོགས་ཤིན་ཏུ་མང་བར་ཕུལ། གོས་དར། གསེར། ཇ་སོགས་ཀྱི་སྟེར་སྦྱིན་བཟང་བར་མཛད། ངེད་རང་ནས་ཀྱང་བྱིན་རྟེན། གོས་དར། འཁར་རྔ་ལེགས་པ། སྣམ་བུ་སོགས་ཀྱིས་རྫོང་བ་བྱས་ཏེ་བོད་ཆེན་པོའི་རྒྱལ་ཁམས་སུ་ཕྱིར་ལོག །སྟོན་སྐུ་མཚམས་བཅད་རྒྱའི་སྐབས་ཡས་ཕྱིན་དུ་ཞབས་བརྟན་འབུལ་བར་ཕྱིན། སྒྲོལ་དཀར་གྱི་ཆོ་ག་ལ་བརྟེན་པའི་ཞབས་བརྟན་རྒྱས་པར་ཕུལ་ཞིང༌། འབུལ་བའང་ཚང་མས་སྔར་རྒྱུན་ལྟར་ཕུལ། འདི་དུས་སྡེ་སྲིད་སྐུ་ཞབས་ཞལ་མདངས་ཤིན་ཏུ་ནག་པར་འདུག་པས་བློ་མ་བདེ་བར་བྱུང༌། ཚོགས་པ་རྣམས་ཞག་བཅུའི་རིང་སྐུ་རིམ་གནང༌། དེའི་རིང་ངེད་ལྷོར་གནས་ཚང་དུ་བསྡད། ཟུར་ཆས་གཟབས་པ་སྩལ། དོན་གཉེར་ཁ་ཤས་ལ་རྗེས་གནང་དང་རབ་བྱུང་ཀྱང་བྱས། སྐུ་རིམ་གྲུབ་ནས་ཐོན་ཕྱག་གི་མཇལ་ཁར་ཕྱིན། སྟོན་མོ་དང་གནང་སྦྱིན་རྒྱས་པར་སྩལ་ནས་བསྟི་གནས་སུ་འབྱོར། འགྲུལ་པ་མང་བར་ཇ་ལེན་པ་དང་ལྷན་ཏུ་འབྱོར་བར་ལུགས་གཉིས་ཀྱི་བདག་རྐྱེན་གང་ལེགས་སྤྲད། ལོ་འདིར་གདན་ས་ཆེན་པོ་རྩེ་གདོང་ནས་འཇམ་དབྱངས་སྐུ་མཆེད་ཡབ་ཆོས་ཀྱི་གཙོ་བོར་གྱུར་པ་ཐུན་མོང་གདུལ་བྱའི་སྤྱོད་ཡུལ་མིན་པ་ཟབ་མོ་སློབ་བཤད་གསན་བར་ཆིབས་ཁ་བསྒྱུར་བའི་ཕེབ་བསུར་འདི་ཁ་ནས་མགྲོན་གཉེར། སྤྱི་སོ་ནས་ཆོས་ཁྲིམས་མི་སྣ་བཅས་རྫོང་བདའ་བྱས། རྒྱལ་ན་མོ་ཆེར་ཕེབ་སྐབས་ངེད་རང་བླ་ཁག་ལས་ཚན་བཅས་བཞི་བཅུ་སྐོར་ཕེབ་བསུར་ཕྱིན་ཞིང༌། མཇལ་ཁ་དང་ཁ་བཏགས་ཀྱི་ཕར་འབུལ་ཚུར་གནང་ཚར་དུ་དངར། ལྷ་ཁང་རྒྱལ་སྨད་དཔོན་སློབ་རྣམས་དང༌། རྒྱལ་ནང་ཡོན་བདག་དྲག་ཞན་ཚང་མ་སྤྲིན་ལྟར་འདུས་ནས་ཞབས་དྲུང་