R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༦༥
[A:༢༦༥]སྐུ་མཆེད་ངེད་བཅས་ལ་དངོས་པོའི་ཚོགས་རིང་པོར་བསྐྱངས། བསྔོ་སྨོན་སོགས་སོ་སོའི་བློ་བསྟུན་དང་བྱིན་རྟེན་ཕྱག་མདུད་སོགས་བྱིན། ཕྱི་ཉིན་པ་ཚབ་ཏུ་ཆིབས་བཤོལ་ཞིག་གི་སྐབས་པེ་ཀར་ཆོས་སྐྱོང་ཆེན་པོ་དང༌། ལས་མཁན་བཅས་ཕེབ་བསུའི་ཚུལ་དུ་ཕེབ་ཅིང་མཇལ་དར་ཕུལ་བར་སྙན་ཤལ་དང་ཕྲིན་ལས་བསྐུལ། གྲུབ་རྒྱལ་རེ་སྡེ་པས་ཆིབས་ཞོལ་ཞིག་ཞུས། སྐུ་ཞབས་སྐུ་མཆེད་དཔལ་རྩེར་ཆིབས་ཁ་བསྒྱུར། ངེད་དགོས་གནས་སུ་འབྱོར་ནས་ཕྱི་ཉིན་མཐོང་སྨོན་དང་ཉེ་བར་ཐབ་བསུ་ཞུས། ཆོས་སྡེ་ཆེན་པོར་ཕེབ་སྐབས་ཚོགས་ཆེན་གྱིས་གདུགས། རྒྱལ་མཚན། བ་དན། རོལ་མོའི་བྱེ་བྲག་དུ་མ་དང་བཅས་སེར་ཕྲེང་རྒྱས་པ་དང༌། བླ་བྲང་ཁམས་ཚན་སོ་སོའི་སྟེང་ནས་ལྷ་བསང་དང་བཀྲ་ཤིས་ཁྲ་རིང་བརྐྱང་ཞིང༌། བླ་ཁག་ལས་ཚན་བཅས་ཀྱིས་སྤོས་ཀྱིས་སྣ་དྲངས་ཏེ་སྤྱན་འདྲེན་པ་སོགས་བཀོད་པ་ལྟར་རྒྱས་པར་བྱས་ནས་གཟིམས་ཁང་ཆེན་མོར་ཕེབ་སྐབས་ངེད་རང་སྐུ་ཞབས་སུ་ཕྱིན། གང་ཅིའི་གསུང་གླེང་ཞུས། ཕྱི་ཉིན་སྐུ་སྐྱེས་ཀྱི་ཚུལ་དུ་མང་ཇའི་ཐོག་ངེད་རང་ལ་ཚན་གྲངས་རྒྱས་པ་དང༌། ཚོགས་སུ་འགྱེད་གནང༌། བཅོ་བརྒྱད་དུ་གདན་དྲངས་ནས་གཞིས་ལེན་གྱི་སྟོན་མོ་རྒྱས་པར་ཞུས་ཐོག །རྒྱན་རིན་པོ་ཆེར་ཆིབས། ཆིབས་རོལ་གྱིས་གཙོས་པའི་འབུལ་བ་དང༌། ཡུམ་ལ་རྟས་གཙོས་པའི་དགུ་ཚན་ཞིག་ཕུལ། ཕྱི་ཉིན་ཚོགས་སུ་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་མི་འཇིགས་སེང་གེའི་ཁྲིར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་སྤྱན་དྲངས་ཏེ། གསེར། དངུལ། ཆིབས། ཆིབས་རོལ། ཇ། གོས་དར་སོགས་ཀྱི་འབུལ་དཔངས་མཐོ་བར་ཕུལ་ཞིང༌། བླ་ཁག་ལས་ཚན་སོགས་ཀྱིས་ཀྱང་གང་རྒྱས་ཞུས་སོང༌། ཆོས་སྡིངས་བརྒྱུད་