[A:༢༦༦]ཕོ་བྲང་དུ་མཇལ་ཁར་ཕེབ་པའི་ཞབས་ཕྱིར་ཞུ་ཡིག་བཅས་མགྲོན་གཉེར་རིན་ཆེན་རྫོང་བདའ་ཞུས་ཤིང༌། དེ་བསྟུན་སྐུ་མཆེད་ལ་སློབ་བཤད་འབུལ་རྒྱུའི་མི་གྲངས་ག་ཙམ་ཚུད་ཀྱི་བསླབ་སྟོན་ཞུས་པར། ཆོས་འདི་བཀའ་གཉན་གཤིས་བཅུ་གཅིག་ལས་མང་བ་མི་འགབ་ཚུལ་ཕེབ། སྐུ་བཟོས། གནང་སྦྱིན། བསླབ་སྟོན་ཤིན་ཏུ་ལེགས་པར་སྩལ་ཞིང་རྒྱུན་གྱི་དབང་པོར་ཕེབ་ནས། དགོངས་བཞེད་ལྟར་གཟིམས་ཆུང་དུ་སྐུ་མཆེད་ཀྱི་ཞབས་ཕྱིར་གྲ་ཕྱི་ཚོགས་པའི་མཁན་རིན་པོ་ཆེ། གསང་ཕུ་མཆོད་ཁང་དཔོན་སློབ། རྨོར་དཔོན་སློབ་སོགས་དཔོན་སློབ་བཅུ་གཅིག་ལ་སྔ་དྲོ་ལམ་འབྲས་སློབ་བཤད་དང༌། ཕྱོགས་འདུས་ཀྱི་བླ་ཁག་དང་ཚོགས་ཆེན་དུ་ཕྱི་དྲོ་ཚོགས་བཤད་སོ་སོའི་ཕྱག་ལེན་དང༌། དབང༌། བྱིན་རླབས། ལུང་སོགས་མ་འདྲེས་ཤིང་རྒྱས་པར་ཕུལ། འདི་སྐབས་གཞིས་ནས་དཔོན་སི་བི་བསྙུན་པར་ཕྱིན། ཁྲུས་རྗེས་གནང་སོགས་འཕྲོད་བསྟེན་བྱས་པས་བསྙུན་ལས་གྲོལ་ཏེ་རྒྱུན་གྱི་དབང་པོར་འཕྲལ་ཏུ་ལོག །སྐུ་མཆེད་བཞུགས་གདན་འཇགས་རིང་བསླབ་སྟོན་ལྟར་ཐུགས་འདོད་ཀྱི་ཆོས་རྣམས་དང༌། ཆོས་ཞུ་བ་སོ་སོར་ཡང་བཞེད་པ་ལྟར་འདོད་ཆོས་མང་དུ་ཕུལ། ཞབས་དྲུང་དཔོན་སློབ་རྣམས་གཙང་དུ་ཆིབས་ཁ་བསྒྱུར་བའི་ཕེབ་སྐྱེལ་དུ་ངེད་རང་བླ་ཁག་ལས་ཚན་བཅས་ཀྱིས་རྒྱལ་ནང་བར་ཕྱིན། གང་ཅིའི་སྙན་འབུལ་བཅས་ཕར་འབུལ་ཚུར་གནང་མཛད་དེ་དགོན་གནས་སུ་ལོག །དེ་ནས་དགོན་ཁག་གི་གཏོར་སྤོད་དང༌། དུས་མཆོད། རིམ་གྲོ་སོགས་སྔར་ལྟར་བསྒྲུབས།། ༈ ཆུ་ཕག་ལོར་གསར་ཚེས་ཀྱི་ལོ་གསར་དང༌། ཚེ་སྒྲུབ་ཞག་བདུན་མ་ཞིག་བྱས་ཤིང་བྲེལ་བ་རྣམས་རིམ་སེལ་དང༌། ཕོ་བྲང་ཆེན་པོར་གོང་ས་ཡས་ཕྱིན་གྱི་མཇལ་ཁར་བཅར། གོང་གི་མཇལ་