[A:༢༦༧]རྟེན་རྣམས་སྙན་འབུལ་དང་བཅས་ཏེ་གཟིམས་ཆུང་འགག་ཏུ་ཕུལ་ཞིང༌། གསོལ་དཔོན་སྔགས་རམས་པ་ལགས་བརྒྱུད་བསླབ་སྟོན་ཞིབ་ཏུ་སྩལ། བླ་བྲང་དུ་སྡེ་སྲིད་སྐུ་ཞབས་རིན་པོ་ཆེའི་མཇལ་ཁ་ཞུས། སྟོན་མོ་གཟབས་རྒྱས་དང་བཀའ་འདྲི་རྒྱས་པར་གནང༌། བརྟན་མ་ཁང་དུ་དགེ་སློང་རིན་པོ་ཆེར་ཆོས་ཁ་ཡར་ཕུལ། ཐོན་ཕྱག་ཞུས་ཐོག་གནང་སྦྱིན་ཀྱང་སྩལ་ཏེ་རང་གནས་སུ་འབྱོར། ལོ་འདིར་མཁྱེན་བསླབ་མཐར་སོན་འབུལ་དཔོན་བླ་མ་བསོད་ནམས་དང༌། རབ་འབྱམས་པ་གཉིས་ཀྱིས་རྟ། དྲེའུ། ཇ། ནོར་སོགས་ཡོན་གྱི་མཉེས་པར་བྱས་ཏེ་ལིའུ་ཐང་ནས་བཀའ་འགྱུར་རོ་ཅོག་མཚལ་སྤར་དུ་བཏབ་པའི་ཕེབ་སྐྱེལ་དུ་བླ་མ་རབ་འབྱམས་པ་རང་བྱོན་པ་དང་ལྷན་དུ་འགྲུལ་པ་ཉིས་བརྒྱ་སྐོར་འབྱོར་ཉིན། བཀའ་འགྱུར་རིན་པོ་ཆེ་གདུགས། རྒྱལ་མཚན། རོལ་མོ་སོགས་མཆོད་རྫས་དུ་མ་དང་བཅས་པའི་སེར་ཕྲེང་དང༌། བླ་བྲང་སོ་སོའི་སྟེང་ནས་བསང་དང་དར་འཕྱར་སོགས་བསུ་བ་རྒྱས་པར་ཞུས་ཏེ་འདུ་ཁང་ཆེན་མོར་སྤྱན་དྲངས། མཆོད་པ་རྒྱས་པར་ཕུལ། དཔོན་སློབ་རྣམས་ལ་སྤྱི་ཆེན་ནས་གཞིས་ལེན་ཤིན་ཏུ་རྒྱས་པར་ཞུས། སང་ཉིན་ནས་འགྲུལ་པ་རྣམས་ཀྱིས་ཆོ་ག་སྟོང་རྩ་དང་མང་འགྱེད་ཐོག་ཚོགས་དབུར་ཕྱིན། ཇ། རྟ། དྲེའུ། མཛོ། གཡག་སོགས་ཀྱི་སྟེར་ཆ་ཉིན་རེ་བཞིན་བྱུང་བ་ཟབ་པ་དང་རྒྱ་ཆེ་བའི་བསྔོ་སྨོན་དཔྱིས་ཕྱིན་པར་བྱས། སོག་ཡུལ་དུ་འབུལ་སྡུད་ལ་བརྫངས་པའི་དབང་གི་བླ་མ་བསོད་ནམས་དར་རྒྱས་དང༌། ཚེ་རིང་སྤེ་སེའི་བླ་མ་བསོད་ནམས་དཔལ་བཟང༌། ཨོ་ཆོལ་དུ་ཆོས་རྗེའི་འབུལ་སྐྱེལ་བ་བཅས་འབྱོར། གསེར། དངུལ། མུ་ཏིག །ལྗོན་ཤིང་གི་སྒ་དང༌། གསེར་སྒ། གོས་དར་སོགས་དངོས་པོ་མང་བར་བྱུང༌། ཚོགས་ཆེན་དུ་མང་ཇ། འགྱེད་སོགས་མང་ཙམ་ཞུས་པའི་ཚོགས་