R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༦༨
[A:༢༦༨]དབུར་ཕྱིན་ནས་དངོས་པོ་རྣམས་དཀོན་མཆོག་མཆོད་སྤྲིན་དུ་སྤྲོས་ཏེ་དམིགས་ཡུལ་རྣམས་ཀྱིས་གཙོས་སེམས་ཅན་མཐའ་དག་གི་དོན་དུ་ཆོས་ཀྱི་དབྱིངས་སུ་བསྔོ་སྨོན་གྱི་རྒྱས་གདབ་ཅི་ནུས་བྱས། གཞིས་ལེན་སོགས་རྒྱས་པར་བགྱིས་ཏེ་ཕོ་བྲང་ཆེན་པོར་བླ་མ་གཉིས་མཇལ་ཁར་རྫོང་བདའ་བྱས། ཕྱག་མཇལ་གྱི་འབུལ་བ་མི་སྣའི་ཞབས་ཕྱི་ཞུས་འདུག་ཅིང༌། བདག་རྐྱེན་ཀྱང་ལྷན་དུ་སྩལ། སྐུ་ཞབས་གྲྭ་ཚང་དུ་མང་འགྱེད་སོ་སོ་ཞུས་ནས་རེ་ཞིག་རང་གནས་སུ་བྱུང་བར་ཁམས་འགྲུལ་པ་དང་ལྷན་ཏུ་དབང༌། རིག་གཏད། ལུང་སོགས་བདག་རྐྱེན་སོ་སོའི་བློ་དང་མཐུན་པར་བྱས། ཆོས་སྡེ་ཆེན་པོའི་འདུས་པའི་ཚོགས་དང༌། དགོན་སོ་སོ་ནས་བྱོན་པའི་གསན་བཞེད་རྣམས་ལ། འཇིགས་བྱེད། གཤེད་དམར། སྦྱོང་དཀྱིལ། མི་འཁྲུགས་པ། ཚེ་དཔག་ལྷ་དགུ །རྣམ་འཇོམས་དཀར་པོ་སོགས་ཀྱི་དབང་དང༌། སྒྲུབ་ཐབས་རྒྱ་མཚོ་དང༌། སྒྲོལ་མ་ཉེར་གཅིག་སོགས་སྤྱི་བཀའ་དང༌། ཟུར་བཀའི་རིགས་མང་ཙམ་བྱས། དུས་དྲན་མཆོད་པ་སོ་སོ་དང་ལོ་མཇུག་རིམ་གྲོ་སོགས་སྔར་རྒྱུན་ལྟར་བགྱིས།། ༈ ཤིང་བྱི་ལོ་གསར་པའི་ལོ་གསར་དང༌། ཚེ་སྒྲུབ་ཞག་བདུན་མ་ཞིག་བྱས། རྒྱ་ནག་མི་སྣ་ཕྱིར་ལོག་སྐབས་བླ་མ་བསོད་ནམས་དར་རྒྱས་དང༌། ཚ་བ་བླ་མ་བསྟན་འཛིན་ནོར་བུ་གཉིས་ཕོ་བྲང་ཆེན་པོར་ཐོན་ཕྱག་ཞུ་བར་གཏང༌། འཁོར་འཕྲལ་ཆོས་རྗེ་དང༌། དཔོན་ཁག་སོ་སོའི་ཡིག་ལན། ཁོང་རྣམས་ལ་མདུད་པ། བྱིན་རྟེན། རྟ་ཁལ་སོགས་ཀྱི་སྟེར་སྦྱིན་བཅས་རྫོང་བདའ་བྱས། སྐྱོར་མོ་ལུང་མཁན་རིན་པོ་ཆེ་དུང་དཀར་འབྲུག་སྒྲ་སྒྲུབ་ཐབས་རྒྱ་མཚོ་གསན་སར་ཕེབ་པ་ཐུགས་བཞེད་ཀྱི་ཆོས་རྣམས་ཕུལ་ཞིང་དངུལ་གྱི་མཎྜལ་སོགས་གནང་སྦྱིན་དཔངས་མཐོ་བར་མཛད། གཞིས་ལེན་གཟབས་པར་ཞུས་ཏེ་རང་གནས་སུ་ཕེབ། ནད་རོ་ལངས་པར་འཕྲོད་བསྟེན་རིམ་གྲོ་སོགས་བྱས་པར་ཡར་ལྡན་དུ་གྱུར།