[A:༢༦༩] ལོ་འདིའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་རྫོགས་པའི་སངས་རྒྱས་ཀྱི་དུས་དྲན་ཉིན་རེས་གཟའ་ལྷའི་བླ་མ་དང༌། རྒྱུ་སྐར་རྒྱལ་འཛོམ་པའི་འགྲུབ་སྦྱོར་བཟང་པོའི་ཐོག་དབོན་ངག་དབང་མཁྱེན་བརྩེ་རབ་བརྟན་རབ་བྱུང་མཛད། མཚན་སྔ་མའི་ཐོག་མཁྱེན་རབ་ཀུན་དགའ་ཆོས་ཀྱི་ཉི་མ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། ཉི་མ་གདུགས་འཇམ་ཞིང་ནམ་མཁའ་འཇའ་སྤྲིན་གྱིས་ཁེབས་པར་གྱུར། སོ་སོས་ལེགས་འབུལ་བྱུང་ཞིང་དགའ་སྟོན་རྒྱས་པར་བྱས། འཕྲོད་བསྟེན་དུ་གཉེན་དྲུང་གི་ཆུ་ཚན་ལ་ངེད་རང་དཔོན་སློབ་མང་ཙམ་ཕྱིན། ཞག་བཅུ་སྐོར་བསྡད་རིང་རྒྱལ་རག་གི་རུ་བ་རྣམས་དང༌། སོག་པོ་དང༌། ཨོ་ཏོག་ཁ་ཤས་ཀྱིས་རྙེད་བཀུར་བྱུང་ཞིང༌། ངེད་ཀྱིས་ཀྱང་ལུགས་གཉིས་ཀྱི་བློ་དང་མཐུན་པའི་འདོད་སྦྱར་བྱས། སེན་ཆེན་ནས་འབུལ་དཔོན་བླ་མ་བསམ་འཕེལ་དང༌། ཆོ་ཧོར་དྷ་རོ་ཁ་སྦྲ་ཆེན་དང༌། དགེ་སློང་གཉིས་ཀྱིས་གཙོས་ཆོ་ཧོར་རྣམས། ཨོ་ཐོག་བླ་མ་བསོད་ནམས་ལྷུན་གྲུབ་དང༌། དཔོན་ཕུན་ཚོགས་སོགས་ཀྱིས་ཆེད་གཏད་འོང་དགོས་པའི་འབོད་མི་འབྱོར། ལུས་གཅོང་བས་འགྲོར་མ་འདོད་ཀྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེ་གོང་མ་ཆོས་ཀྱི་སྤྱན་ལྡན་གྱིས་སྒྲུབ་པར་བཞུགས་ན་འཇའ་ལུས་འགྲུབ་པའི་གནས་ཡིན་ཚུལ་འཇའ་ཚོན་སྙིང་པོའི་གཏེར་ཡིག་ན་འདུག་པས་དེར་མཚམས་ཤིག་བྱེད་འདོད་ཀྱི་ཞོར་ལ་རིབ་ཙམ་འོང་བའི་ཁས་བླངས། འདམ་ནས་བསྐྱོད་སྐབས་ས་སྐྱ་མཆོད་དཔོན་འཕྲད་པར་བྱོན་ནས་གཞིས་ལེན་རྒྱས་པར་མཛད། ད་རྒན་ལྷ་རྗེ་སོགས་གྲྭ་རིགས་ཡོན་བདག་རྣམས་དངོས་པོ་བཟང་བ་བཅས་འཕྲད་པར་བྱུང་བར་རྗེས་གནང་དང་བཀའ་བསྒོ་སོགས་བྱས། ལ་རྒན་བརྒྱབས་ཏེ་མཁའ་འགྲོའི་བླ་མཚོ་མཐོང་ཙམ་དུ་བསྡད། ཕྱི་ཉིན་སྔོན་དུ་འཚོ་མཛད་རྟ་མགྲིན་ཚེ་རིང་ངེད་རང་སྡོད་པའི་སྒྲུབ་ཁང་ལེགས་པ་ཞིག་ཚོལ་དུ་བཏང༌། ལམ་གྱི་འབྲོག་པ་