[A:༢༧༠]རྣམས་ཀྱིས་རྙེད་བཀུར་མང་ཙམ་བྱུང་བར་བྱིན་རྟེན་དང་བསྔོ་སྨོན་སོགས་ཀྱིས་འདོད་པ་བསྐངས་ཏེ་དོ་གནས་སུ་འབྱོར་བར་འཚོ་མཛད་ཀྱིས་སྒྲུབ་ཕུག་བཙལ་བར་དགོངས་པས་ཨོ་རྒྱན་ཡབ་ཡུམ་གྱི་སྒྲུབ་ཕུག་དང་མཇལ་འདུག་པས་རྟེན་འབྲེལ་རང་འགྲིག་ཏུ་གྱུར། དེ་ནུབ་ནས་སྒྲུབ་ཕུག་ཏུ་ཨོ་རྒྱན་ཞི་དྲག་གི་སྒྲུབ་པ་དང་ཚོགས་འཁོར་བྱས། ཕྱི་དགོང་ལྷ་ཆེན་འབར་བརྩལ་གྱིས་ཤིན་ཏུ་འཚུབ་འགྱུར་གྱི་རྣམ་པས་སེར་དྲག་དང༌། གློག་འཁྱུག་ཅིང་འབྲུག་སྒྲ་དྲག་པོ་སྒྲོགས་པ། གནམ་ལྕགས་ཐོག་གིས་གཡས་གཡོན་གྱི་བྲག་བཀས་ཏེ་ས་རྡོ་ཉིལ་བ་སོགས་ཆོ་འཕྲུལ་བསྟན་ཀྱང༌། ལྷ་སྔགས་ཡེ་ཤེས་གཡོ་མེད་དུ་གནས་པས་རང་ཡལ་དུ་སོང༌། ཕྱི་ཉིན་ནས་བཟུང་ནམ་མཁའ་འཇའ་ཚོན་གྱིས་ཁེབས་པ་དང༌། རྨི་ལམ་དུ་ཡེ་ཤེས་མཚོ་རྒྱལ་གྱིས་མཚན་ལྡན་གྱི་ཐོད་པ་བདུད་རྩིས་བཀང་བ་གནང་བར་བྱུང༌། བྲག་སྦུགས་ལྡེབས་ན་རྩ་གསུམ་འཁོར་ལོ་བཞིའི་རང་བྱོན་གསལ་བར་མཐོང་བ་དང༌། མཚོའི་མདུན་དུ་མཎྜལ་དང་མཆོད་པ་འབུལ་བར་ཕྱིན་པའི་ཚེ་མཚོས་མདོག་ཁ་དོག་སྣ་ཚོགས་སྟོན་ཅིང༌། མཚོ་རླབས་ཀྱི་འཇའ་གུར་ཕུབ་པ་དང༌། མཚོའི་མཐའ་འཕེལ་ཏེ་ངེད་ཀྱི་གདན་གྱི་ཐད་དུ་འབྱོར་བ་སོགས་ལྟས་ཡ་མཚན་ཆེ་བར་བྱུང༌། འབྲོང་པའི་རུབ་ནས་འབུལ་དཔོན་བླ་མ་བསམ་འཕེལ་ཡོན་བདག་དུ་མ་དང་བཅས་ཏེ་འཕྲད་པར་བྱོན། རྟ་ནོར་སོགས་ཀྱི་སྟེར་བྱིན་བཟང་བར་བྱུང༌། དབང་དང་བྱང་བུ་སོགས་འདོད་པར་ལྟར་བྱས། སྐབས་ཤིག་དོ་རིའི་རྩེར་ལྷ་བསང་གཏོང་བར་ཕྱིན། མཚོ་ལ་བལྟས་པ་ན་མཚོ་དཀྱིལ་གྱི་སྟེང་ན་བུད་མེད་རས་གོས་སྔོན་པོ་གྱོན་པ་སྐྲ་ཐོར་ཚུགས་སུ་བཅིངས་པ་ཞིག་དགའ་བའི་རྣམ་འགྱུར་དུ་མ་སྟོན་པ་མཐོང༌། ཉི་མའང་གདུགས་འཇམ་ཞིང་འཇའ་ཚོན་རྐྱོང་བ་སོགས་བྱུང་བར་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་དང༌། ཡུམ་གནམ་