[A:༢༧༡]མཚོ་ཕྱུག་མོ་གཉིས་ཐུགས་དགྱེས་པ་ཡིན་ནམ་སྙམ། སེམས་ཀྱང་སྤྲོ་བ་མཆོག་ཏུ་འཕེལ། དེའི་ཕྱིན་ཉིན་དོ་རིའི་སྐོར་རར་ཕྱིན་པས་སྒྲུབ་ཕུག་རྒྭ་ལོ་ཕུག་དང༌། ས་པཎ། འཕགས་པ་སོགས་བཞུགས་གནས་ཀྱི་ཕུག་པ་དུ་མ། ཡི་དམ་གྱི་ལྷ་ཚོགས་དུ་མའི་རང་བྱོན་དང༌། བདག་མེད་རྟོགས་པའི་ཕྱག་ཞབས་ཀྱི་རྗེས་དུ་མ་མཇལ། སྒྲུབ་ཕུག་ཏུ་འཁོར། ཉིན་རེ་བཞིན་གུ་རུ་ཞི་དྲག་གི་མཆོད་པ་དང༌། ཚོགས་འཁོར། དགོང་ཆོས་སྲུང་རྣམས་ལ་བསྐང་བ་རྒྱས་པར་བྱས། ཆོ་ཧོར་ནས་འབོད་མི་ཁ་ཤས་འབྱོར་ནས་རིམ་གྱིས་འབྲོང་བ་རྣམས་ཀྱི་རུ་བར་སླེབ། ཡོན་བདག་ཕོ་མོ་རྣམས་ཁྲོམ་བཞིན་འདུས། སྨོན་ལམ་ཕྱག་དང་བསྐོར་བའི་སྒྲ་དི་རི་བའི་ངང་ནས་རྟ་ནོར་གྱི་སྟེར་ཆ་མང་དུ་བླངས། ངེད་ཀྱིས་ཀྱང་བཀའ་བསྒོ་དང་བསྔོ་སྨོན་གྱི་རྒྱས་འདེབས། མ་ཎིའི་ལུང་སོགས་བྱས། མཚོ་ལུང་སྐྱོག་ཏུ་སླེབས་སྐབས་བླ་བྲང་དང་གཞིས་ནས་བང་ཕྱིན་པ་སང་འབྱོར་རྒྱུའི་དེ་ནུབ་ཁ་བ་ཤིན་ཏུ་ཆེ་བ་བབས་པ་ངེད་རང་ལ་ཆོས་སྐྱོང་འཕྲེང་བའི་འཚུབས་ཀྱིས་གུར་ཀ་བཅག་ཅིང༌། གདུང་མ་མདའ་བཞིན་བརྒྱུགས་པས་གུར་བརྟིབས་ཤིང༌། རོགས་བྱེད་རྣམས་གྲུལ་ཤང་དང་བཅས་ཏེ་འདུ་དགོས་བྱུང་བས་ཧ་ལས་ཤིང་དགོད་བྲོ་བར་གྱུར། ས་སྐྱ་རུ་བ་དང་གནམ་རུ་བ་སོགས་ཀྱི་ཡོན་བདག་ཕོ་མོ་རྣམས་འདུས་ཤིང་རྟ་ནོར་གྱི་སྟེར་ཆ་བཟང་བར་བྱུང༌། ཚང་མར་ཚེ་དབང་དང༌། མ་ཎིའི་ལུང༌། བཀའ་བསྒོ། བསྔོ་བ་སོགས་འདོད་སྦྱར་བྱས། ཕྱི་ཉིན་ཆོ་ཧོར་གྱི་བསུ་བ་སེར་སྐྱ་རྣམས་འབྱོར། ལམ་དུ་གྲྭ་རིགས་དང་ཡོན་བདག་རྣམས་ཀྱིས་ཕྱུགས་ཀྱི་སྟེར་ཆ་རིམ་པར་བྱེད་བཞིན་པ་དང་བཅས་ཆོ་ཧོར་གྱི་སྡེ་ནང་དུ་དུང་རྒྱ་གླིང་བཅས་སྒར་དུ་བབས། ཚང་མས་འདུས་ཏེ་སྣེ་ལེན་དང་སྟོན་མོ་གཟབས་རྒྱས་