[A:༢༧༤] མངའ་གསོལ་རྒྱས་པར་ཕུལ་བས་རྒྱབ་རིའི་རྩེ་མོ་ནས་སྨུག་པ་འཕྱུར་ཏེ་དལ་བུའི་ཆར་ཞིག་བབས་པ་དང༌། མཚོ་ནང་དུ་ལས་བཞིའི་ཁ་དོག་གི་འཇའ་ཤར་བ་ནི་རིགས་དང་ལུགས་གཉིས་ཡར་རྒྱས་སུ་འགྲོ་བའི་རྟེན་འབྲེལ་དུ་སྣང༌། གླང་ལིང་ལ་རྒལ། འབའ་རང་བརྒྱུད་འོངས་པས་ཡོན་བདག་རྣམས་ཀྱིས་མར་དང་ཕྱུགས་ཀྱི་སྟེར་ཆ་མང་དུ་བྱུང་བར་བསྔོ་བའི་རྒྱས་བཏབ། ལྕོག་རྩེ་ལ་བརྒྱུད་འདམ་བུ་མར་བསྡད་སྐབས་སོག་པོ་ཞིག་གློ་བུར་ན་བས་ངེད་འོང་དགོས་ཚུལ་ནན་ཆེ་བར་བྱུང་ཡང༌། ངེད་འགྲོ་མི་དགོས། གྲྭ་པ་གཉིས་བཏང་ནས་བགེགས་བསྐྲད་གསོལ་ཁ་བྱས་ན་ཕན་འགྲོ་བྱས། ཕྱི་ཉིན་ཁོ་པ་སང་བདེར་སོང༌། དགེ་ཚུལ་མ་དཔོན་གཡོག་ནས་སྟོན་མོ་རྒྱས་པ་དང་སྟེར་སྦྱིན་ཀྱང་བྱས། བསྙེན་གནས་ཀྱི་སྡོམ་པ་ཕོག་ཅིང་གུར་ལ་ཤིས་བརྗོད་ཀྱི་ནས་འཐོར། གཡང་རའི་མདོར་བསྡད། ཀོ་ཁྲ་གྱི་ཡོན་བདག་རྣམས་དང༌། འདམ་གྱི་ཡོན་བདག་ཕོ་མོ་རྣམས་འཕྲད་པར་བྱུང་བར་མར། ཐུད། ཤ །ནོར་སོགས་ཀྱི་སྟེར་ཆ་ཀྱང་ལེགས་པར་བྱུང༌། བཀའ་བསྒོ་དང་བསྔོ་སྨོན་སོགས་འདོད་སྦྱར་བགྱིས། གཡང་རའི་ལ་དང་བཅོམ་བརྒྱུད་རྒྱལ་བ་འབྲོམ་གྱི་གནས་མཆོག་རྭ་སྒྲེང་གི་གནས་མཇལ་ལ་ཕྱིན། གནས་མཐོང་མ་ཐག་དད་པས་བ་སྤུ་གཡོ་ཞིང་སེམས་ལ་བདེ་བའི་ཏིང་ངེ་འཛིན་ཤར་བ་སྤྲོ་བ་དང་བཅས་རྟ་ལས་བབས་ཏེ་ཕྱག་བྱས་ཤིང༌། མཎྜལ་དང་ཡན་ལག་བདུན་པ་ཕུལ། གནས་ཚང་ལ་འབྱོར། དགོང་དད་གུས་ཅན་ཁ་ཤས་ལ་འདོད་ཆོས་བྱས། ཕྱི་ཉིན་ཚོགས་སུ་མང་ཇ་དང༌། མཁན་རིན་པོ་ཆེར་བསྔོ་རྟེན་རྣམ་གཞག་སོགས་འབུལ་བར་མཛོད་པ་བཏང༌། ཉི་དྲོས་གཙུག་ལག་ཁང་མཇལ་བར་ཕྱིན་ཏེ་ཐོག་མར་ཀ་གཉིས་མར་བྱིན་རླབས་ཞུས། དེ་ནས་ཚོགས་ཁང་དུ་