[A:༢༧༣]གྱི་སྟེར་ཆ་བྱུང༌། བྱང་བུ་བཞུ་བ། དགེ་བ་སངས་རྒྱས་ཀྱི་སར་བསྔོ་བ་སོགས་སོ་སོའི་བློ་བསྟུན་ལྟར་བྱས། གསེར་གླིང་གཉིས་ཀྱི་རུ་ཐོག་ཏུ་བོས། རྟ་ཤིན་ཏུ་ལེགས་པ་རེ་དང༌། མཛོ་མོ་སོགས་བྱིན། ཚེ་དབང་དང༌། བྱང་བུ། བསྔོ་སྨོན་གྱི་རྒྱས་འདེབས་སོགས་ཀྱིས་བཞེད་པ་བསྐང༌། ལམ་ཐོག་འབྲོམ་མཚོའི་རུ་བ་རྣམས་ཀྱི་སར་འབྱོར་བར་ཚང་མ་དད་གུས་ཀྱིས་འུར་ཏེ་འབྲི་གཡག་གི་སྟེར་ཆ་དབྱར་གྱི་ཆར་སྤྲིན་ལྟར་གཏིབས། སོ་སོར་བློ་དང་འཚམས་པའི་ཆོས་དང་ཟང་ཟིང་གིས་བློའི་རེ་བ་བསྐངས་ཏེ། དགེ་བ་རྣམས་ཆུད་མི་ཟ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་བསྔོས། ཨོ་ཐོག་གི་སྡེར་སླེབས། དཔོན་དཔོན་མོ་སོགས་ཡོན་བདག་ཚང་མས་གཞིས་ལེན་རྒྱས་ཤིང༌། རྟ། མཛོ། མཛོ་མོ། །འབྲི་གཡག་སོགས་བཞི་བཅུ་སྐོར་གྱི་སྟེར་ཆ་བྱུང་བར་བླངས། ཚེ་དབང་དང༌། མ་ཎིའི་ལུང༌། དགེ་བསྙེན་སྒྲུབ་པ། དཔོན་ཁག་སོ་སོའི་འདོད་སྦྱར་གྱི་རྗེས་གནང་དང༌། བསྙེན་གནས་ཀྱི་ལུང་མང་བར་བྱས། དགེ་བ་སངས་རྒྱས་ཀྱི་སར་རྒྱས་འདེབས་ཀྱི་བསྔོ་སྨོན་བྱས་ཤིང༌། བྱང་བུ་སོགས་འདོད་པ་དང་སྦྱར། སྒར་པོ་རིགས་ནས་ན་དམར་ཆུང་བའི་མཚོ་འགྲམ་དུ་བསྡད། བླ་བྲང་བླ་མ། ཡོན་བདག་རྣམས་དང་བཅས་པ་འབྱོར། རྟ་སོགས་དངོས་པོའི་སྟེར་ཆ་བྱུང༌། ལུགས་གཉིས་ཀྱི་བདག་རྐྱེན་སྤྲད་དེ་ཚེ་དབང་དང༌། བྱང་བུ་བསྔོ་སྨོན་ཅི་ནུས་བྱས། རྗེའི་མགུར་ལྷ་བསམ་གཏན་གངས་བཟང་གི་མཐའ་བརྒྱུད་ཤོ་མོ་མཚོ་ཁར་སླེབས། དགེ་སློང་གྲགས་པ་ཕུན་ཚོགས་ཀྱིས་རྒྱུས་ཡོད་མཛད་དེ་སྒོམ་སྡེ་བླ་རྒན་གྱི་རྟེན་འབྲེལ་བསྒྲིགས་པའི་སར་བོད་ཀྱི་མགུར་ལྷ་བཅུ་གསུམ་དང༌། བརྟན་མ་བཅུ་གཉིས་སོགས་གཞི་བདག་རྣམས་ལ་བསང༌། ཁྲུས། གསོལ་མཆོད།