[A:༢༧༥]སྤྱན་དྲངས། འཕགས་པ་རིགས་གསུམ་མགོན་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བསྐྲུན་པའི་ཕྱིར་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་བརྙན་སྤྲུལ་པའི་ཟློས་གར་གྱིས་བཞེངས་པ་ཨ་ཏི་ཤ་དང་འབྲོམ་གྱི་ཐུགས་དམ་རྟེན་སངས་རྒྱས་དངོས་དང་ཁྱད་པར་མ་མཆིས་པ་མགོ་ཐོག་ཏུ་བཞག་སྟེ་ཡིད་རྩེ་གཅིག་ཏུ་སྨོན་ལམ་བཏབ་པས་བྱིན་གྱིས་བརླབས་པའི་རྟགས་སུ་ལུས་རྩེ་བུན་ནེ་བ། ཡིད་བརྗོད་མེད་དུ་དར་ཅིག་གནས། ཇོ་བོ་ཉིད་དང་རྟེན་གཙོ་ཁ་ཤས་ལ་གསེར་གསོལ་དང༌། སྙན་ཤལ་གཟབས་པ། གཡུ། བྱི་རུ། མུ་ཏིག་སོགས་མཆོད་པ་རྒྱས་པར་ཕུལ། དགོན་གོང་སོགས་ལྷ་ཁང་རྣམས་ཞིབ་ཏུ་མཇལ། དཀོར་གཉེར་རྣམས་གུས་པའི་རྣམ་འགྱུར་གྱིས་ནང་རྟེན་གང་ཡོད་ཞིབ་པར་བསྟན། གླིང་སྐོར་དུ་ཕྱིན། ཤུག་པ་མིང་ཆེན་རྣམས་དང༌། བསོད་ནམས་ཅན་ཐར་ལམ་དུ་བགྲོད་པའི་དུར་ཁྲོད་བཅས་མཇལ། སྔ་སོར་གྱི་ལས་འབྲེལ་ཞིག་ཡིན་ནམ། བྱིན་རླབས་ཀྱིས་ནམ་མཁའ་གཡའ་དག་ཅིང་འཇའ་སྤྲིན་དུ་མ་དང༌། སེམས་བདེ་སོང་ངེ་བའི་ངང་ནས་གནས་སུ་སྡོད་སྤྲོ་བར་གྱུར། སྙིང་རྗེ་དྲག་པོས་བསྐུལ་ཏེ་བདག་གཞན་བརྗེ་བ་དང༌། ངན་འགྲོའི་སེམས་ཅན་རྣམས་ཐར་ལམ་དུ་འགོད་པའི་སྨོན་ལམ་ཨུ་ཚུགས་སུ་བཏབ། དད་ལྡན་གྱི་བླ་གྲྭ་ཁ་ཤས་ཀྱི་དགོངས་བཞེད་ལྟར་གོང་ས་ཆེན་པོའི་ཞབས་བརྟན་ཕྲན་བུ་རང་གིས་ཞུས་པ་མཁྱེན་བརྩེ་ནུས་མངའ་མའི་ལུང་བྱས། དེ་ནས་རིམ་གྱིས་བསྐྱོད་དེ་ཀུན་རའི་ཐད་དུ་འབྱོར། གྲྭ་རིགས་དང་ཡོན་བདག་དུ་མ་འདུས། རྒྱུན་གྱི་དབང་པོ་ནས་བླ་མ་དང༌། ལས་ཚན་སོ་སོའི་རྟ་བསུ་དང༌། ཐབ་བསུ་རྒྱས་པར་འབྱོར། དགོན་གནས་སུ་ཉེ་བ་ན་དགེ་འདུན་རྣམས་གྱིས་གདུགས། རྒྱལ་མཚན། འཕན། སིལ་སྙན། རྔ། འཁར་རྔ། རྒྱ་གླིང་སོགས་ཀྱི་