R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༧༦
[A:༢༧༦]མཆོད་པའི་ཡོ་བྱད་བསྣམས་ཏེ་སེར་ཕྲེང་དང༌། བླ་བྲང་དང་ཁམས་ཚན་སོ་སོའི་ཐོག་ནས་བསང་དང་བ་དན་འཕྱར་བ་སོགས་དར་ཕྱར་རྒྱས་པར་མཛད། ངེད་དཔོན་སློབ་རྣམས་བླ་བྲང་ལྕང་ལོ་ཅན་དུ་འབྱོར། ཕྱི་ཉིན་མང་ཇ་དང་བླ་ཁག་ལས་ཚན་རྣམས་ལ་རྣམ་གཞག་རྒྱས་པར་ཕུལ། སོ་སོ་ནས་ཇ་དང་ཚན་གྲངས་གི་སྣེ་ལེན་དང༌། གྲྭ་དམངས་ཀྱིས་མཇལ་དར་སོགས་ལེགས་པར་བྱུང༌། ངེད་ཀྱིས་ཀྱང་དར་རས། རྟ་ཕྱུགས་སོགས་ཀྱི་སྐྱེས་མ་སོ་སོར་ཕུལ། ཕོ་བྲང་དུ་ཕྱིན་ཅིང་རྟ་ནོར་སོགས་ཀྱི་འབུལ་བ་རྒྱས་པ་དང་བཅས་ཏེ་མཇལ་ཁ་ཞུས། དགེ་སློང་རིན་པོ་ཆེ་དང་སྐུ་དྲག་རྣམས་ལ་སྐྱེས་མར་རྟ་བཅས་ཕུལ། ཐོན་ཕྱག་ཞུས་ཏེ་རང་གནས་སུ་འབྱོར། དུས་དྲན་མཆོད་པས་མཚོན་ཆོས་སྡེ་ཆེན་པོའི་ལུགས་གཉིས་ཀྱི་བགྱི་བ་སྔར་རྒྱུན་ལྟར་དབོན་གྱིས་མཛད། ལོ་འདིའི་ཧོར་ཟླ་བཅུ་གཅིག་པའི་ཚེས་དགུ་ལ་རེས་གཟའ་ཕུར་བུ་རྒྱུ་སྐར་རྒྱལ་འཛོམ་པའི་འགྲུབ་སྦྱོར་བཟང་པོའི་ཉིན་ཞབས་དྲུང་དབོན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་རབ་བརྟན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་ཡབ་སྲས་ཀྱི་ཆོས་ཀྱི་ཁྲིར་མངའ་གསོལ་ཏེ་ཚོགས་ཆེན་དུ་ཚེ་དབང༌། འབྱུང་འདུལ་གྱི་རྗེས་གནང་མཛད། ལེགས་འབུལ་དང༌། དགའ་སྟོན་རྒྱས་པར་ཞུས། རིམ་གྱིས་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲིར་ཕེབ་པར་ཚང་མས་ལེགས་འབུལ་ཞུས་སོང༌། སྔར་ཡོད་ཀྱི་སྟེང་དུ་བླ་བྲང་དུ་རྒྱ་དཀར་ནག་གིས་གཙོས་རྟེན་གསུམ། མཆོད་ཆ། ཤེལ་སྤྱད། དཀར་སྤྱད། རྒྱ་ཧོར་གྱི་རོལ་མོ་ཤུབས་བཅས། གསེར་རྔ། དུང་ཆེན། རྐང་གླིང༌། དཀར་དུང༌། སྙན་དར་རྒྱུ་ལེགས་གླིང་གསུམ་གོང་བ་དང་བཅས་པ། བླ་བྲེ། རྟེན་ཁེབས་སོགས་བླ་བྲང་དུ་མཁོ་བའི་ཡོ་བྱད་རྣམས་རིམ་གྱིས་བསྒྲིགས། དཔལ་གནས་སུ་