R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༧༧
[A:༢༧༧]གཞུང་ས་ཆེན་པོའི་དགོངས་པ་རིན་པོ་ཆེ་ཁྲེལ་ཚབ་ཆེ་བར་བྱུང་སོང་བར་ཁོང་རང་སྤུན་ལ་བཀོད་པ་བྱས་ཏེ་ཞུ་བསྒུག་ལ་སོང་བར་ཟླ་བ་ཁ་ཤས་ནས་དགོངས་བ་མ་དྭངས་བར་ནང་མི་ཚང་མ་ཆུ་སྐྱུར་གནང་རྩིས་བྱུང་འདུག་པས། ངེད་རང་མཚན་ལ་བརྒྱབས་ཏེ་ཕྱིན། དགེ་སློང་རིན་པོ་ཆེ་བརྒྱུད་སྡེ་སྲིད་སྐུ་ཞབས་སུ་དེ་རིགས་དགོངས་པ་རིན་པོ་ཆེ་དག་པའི་སྙན་འབུལ་ཞུ་མ་ནུས་ཀྱང༌། གོང་ས་ཆེན་པོར་ཚང་མའི་སྲོག་སྐྱབས་ཀྱི་སྙན་འབུལ་ཞུས་པར། གསུང་བ་བཞིན་སྲོག་ལ་སྐྱོན་མི་འོང་བའི་བསླབ་སྟོན་བྱས་ཡོད་གསུང་བ་བཀའ་དྲིན་བསྐྱངས་བྱུང་འཕྲལ། སྡེ་སྲིད་རིན་པོ་ཆེའི་སྐུ་ཞབས་སུ་སྲོག་སྐྱབས་ཞུས་པར་དེ་ཁ་ནས་གོང་ས་ཆེན་པོར་ཞུས་གནང་གྲུབ་འདུག་པ་བཞིན་འོང་བའི་གཞལ་དུ་མ་མཆིས་པའི་བསླབ་སྟོན་བཀའ་དྲིན་བསྐྱངས་པ་ས་དང་པོ་ཐོབ་པ་ལྟར་དུ་གྱུར། ལྷ་རྩེ་ཆོས་སྡེའི་གཉེར་རྩིས་ཀྱང་མི་དགོས་ཤིང༌། ཁོ་རང་ཚེ་ཆོས་འཇིག་རྟེན་གང་བྱེད་ཀྱང་ངེད་རང་གིས་བློས་བཅད་བྱས་ཆོག་པའི་བསླབ་སྟོན་བཀའ་དྲིན་བསྐྱངས། ༈ ཤིང་གླང་ལོར་ལོ་གསར་དང༌། ཚེ་སྒྲུབ་གྲུབ་ནས། ལོ་འདིར་ངེད་རང་གི་དབོན་ཞབས་དྲུང༌། གྲུབ་པའི་དབང་ཕྱུག་ཉན་པོ་ཆོས་རྗེ་སྐུ་མཆེད། ར་བ་སྨད་སློབ་དཔོན་མཁས་མཆོག་སོགས་དང༌། རབ་བྱུང་གྲྭ་ཚང༌། རྩེས་དོང་འབྲས་བུ་གླིང་པ། རྩེ་ཚོགས་ས་ལུགས་ནས་དགེ་སློང་ཕན་བདེ་སོགས་ཁ་ཤས། སྙེ་ཐང་བྲག་སྣ། སྐྱེད་ཚལ་འོག །རྒྱ་མ། འཆད་ཁ་སོགས་ནས་བྱོན་པ་རྣམས་དང༌། དཔལ་རྒྱུན་གྱི་དབང་པོའི་འདུས་པ་རྒྱ་མཚོའི་ཚོགས་ལ་སློབ་དཔོན་ཆེན་པོ་ཨ་བྷ་ཡའི་བཞེད་གཞུང་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་དང༌། དརྤན་ཨཱཙརྱས་བཀྲལ་བའི་དགེ་ལེགས་སུ་བྱ་བའི་དཀྱིལ་འཁོར་གསུམ་སྟེ་ཞེ་ལྔའི་དབང་རྒྱས་པ་