[A:༢༧༨]དང༌། ཕྲེང་བ་སྐོར་གསུམ་གྱི་ལུང༌། ཚེ་ཀུན། མི་འཁྲུགས་པ། གུར་གྱི་རྗེས་གནང་ཟུར་བཀའ་སོགས་འདོད་ཆོས་མང་ཙམ་བྱས། ཕོ་བྲང་ཆེན་པོར་མཇལ་ཁར་བཅར། མཇལ་ཁ་དང་ཟུར་ཆས་གནང་སྦྱིན་སོགས་རྒྱས་པར་སྩལ། ཞག་ཤས་ནས་འདམ་བུ་བྱིན་གྱི་ཆོས་གྲྭར་འབྱོར། ཚ་བ་དང་སྒོམ་སྡེ་སོགས་ཀྱི་འབུལ་སྡུད་པ་དང༌། ཁམས་འགྲུལ་པ་མང་ཙམ་འབྱོར་བར་འདོད་ཆོས་དང་བདག་རྐྱེན་འདོད་པ་ལྟར་བགྱིས། བདུད་རྩི་རིལ་བུ་སྒྲུབ་པ་དང༌། ཚོགས་ཆེན་དུ་ཀུན་རིག་སྟོང་རྩ་ཉིན་གསུམ་བསྒྲུབས་པའི་ཡོན་དུ་དགེ་འདུན་བཅུ་རེར་ཇ་སིག་རེ། བླ་ཁག་ལས་ཚན་དང་བཅས་པར་རྣམ་གཞག་ཕུལ། འདི་སྐབས་གཞིས་བཀྲ་ཤིས་སྒང་ཞིག་རལ་ཆེས་པས་ཚ་བོ་མགོན་པོ་རྣམ་རྒྱལ་དང༌། རོགས་ལྔ་དར་བཅས་ལ་བཀོད་པ་བྱས་ཏེ་ཤིང་བཟོ་བ་རྒུང་ཆེན་པ་དང༌། རྡོ་བཟོ་མི་ལག་བཅས་སུམ་ཅུ་སྐོར་གྱིས་ཟླ་བ་གཉིས་ལ་ཡོངས་སུ་རྫོགས་པ་གྲུབ་འདུག་པའི་ལྟ་རྟོག་ལ་ཕྱིན་པས་བཀོད་པ་བཞིན་བྱུང་འདུག་པར་ཤིས་བརྗོད་ཀྱི་མེ་ཏོག་གཏོར། ལས་རིན་ལྟོ་དང༌། ཐོག་མཐའ་བར་གསུམ་དུ་སྟོན་མོ། བཟོ་བོ་རྣམས་ལ་གླ་ཡོན་མགུ་བ་བཅས་རྫོང་བཀོད་བྱས། རྒྱས་འབྲིང་བསྡུས་གསུམ། གཟུངས་གསེར་བརྒྱ་རྩ་སོགས་ཆོས་འདོན་གྱི་རིགས་མང་བ་དང༌། ཕྱོགས་བཞིའི་གཏོར་ཆེན་སོགས་མང་བར་བསྒྲུབས། དགོན་ཁག་ཏུ་ཚེམས་བུ་ལུགས་ཀྱི་དམར་ཁྲིད་དང༌། གཅོད་གཏན་ཐོག་གཅིག་མ། ཚེ་དབང༌། རྗེས་གནང་སོགས་བྱས་ཤིང་སོ་སོའི་འབྱོར་པས་མཆོད། འགྲུལ་པ་རྣམས་ཕྱིར་ལོག་ཁར་འདོད་ཆོས་དང༌། རབ་བྱུང༌། བསྙེན་རྫོགས་མང་ཙམ་བསྒྲུབས་ཏེ་ཕྱིར་བརྫོངས། འདི་སྐབས་ཆེ་གསུམ་ནས་མདའ་དཔོན་རིན་པོ་ཆེས་གཞིས་ཀྱི་ཚ་མོ་ཆེ་བ་འབོག་གོང་སྦྱོར་བར་བྱིན་ན་ལེགས་པར་འདུག་གནང་བས། གོང་ས་ཆེན་པོར་བསླབ་