R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༧༩
[A:༢༧༩]སྟོན་ཞུས་ཏེ་རྫོང་བདའ་བྱས། མགོན་ཁང་སོ་སོར་གཏོར་སྤོད་དང༌། བསྐང་བ་ཁྲི་ཚར་དང༌། ཐུག་གསོས་ཚར་ཆེན་རྡོ་རྗེ་འཆང་གི་ཡིག་ཆ་བཞིན་རྒྱས་པར་བྱས། དུས་དྲན་མཆོད་པ་དང༌། ལོ་མཇུག་གི་རིམ་གྲོ་སོགས་སྔ་མ་ལྟར་བསྒྲུབས། མེ་སྟག་ལོར་ལོ་གསར་རྒྱས་པ་དང༌། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་སྒྲུབ་ཞག་ཉི་ཤུ་ཙམ་བྱས། ལོ་འདི་ནང་དུ་སྤྱན་ཡས་མཁན་པོ་དུང་དཀར་འབྲུག་སྒྲ། ཁོ་སེ་དཔོན་སློབ། གསང་ཕུ་མཆོད་ཁང་དཔོན་སློབ་སོགས་རིམ་གྱིས་ཕེབ་པར་སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། རྣམ་འཇོམས་དཀར་པོ། སྨན་བླ། མགོན་པོའི་སྐོར་སོགས་དབང་ལུང་མང་ཙམ་བྱས། འཆད་ཀ་ནས་ལྷ་རིན་པོ་ཆེ་བསྙེན་རྫོགས་གསན་སར་ཕེབ་པར་དགོངས་བཞེད་ལྟར་ཞུས། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་དང༌། མགོན་པོའི་རྗེས་གནང་སོགས་ཁ་ཤས་ཕུལ་ཞིང༌། གཞིས་ལེན་དང་འབུལ་བ་རྒྱས་པར་ཕུལ་ནས་ཕྱིར་ཕེབ། གཞིས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་རྣམ་སྤྲུལ་འོད་མཆོག་སྤྲུལ་སྐུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་པར་ཚེ་དབང༌། འབྱུང་འདུལ། རྟ་མགྲིན་སོགས་གེགས་སེལ་འབུལ་བར་ཕྱིན། སྐུ་མཐོང་བ་ན་བྱིས་པ་གཞན་དང་མི་འདྲ་བའི་ཡ་མཚན་པ་ཞིག་འདུག །སྐུའི་རིམ་གྲོ་བ་རྨོར་རབ་འབྱམས་པས་ཞུས་ནས་ཕྱིར་ལོག །ཁམས་ནས་འབུལ་སྡུད་བླ་མ་བསྟན་འཛིན་རྣམ་རྒྱལ་སོགས་ཁ་ཤས་འབྱོར། ཇ། རྟ། མཛོ། གཡག །འབྲི། ཟངས་སོགས་ཀྱི་སྟེར་སྦྱིན་མང་བར་བྱུང་བ་རྒྱ་ཆེ་བ་སེམས་ཅན་གྱི་དོན་དང༌། ཟབ་པ་ཆོས་ཀྱི་དབྱིངས་སུ་བསྔོ་སྨོན་གྱི་རྒྱས་བཏབ། ཚོགས་ཆེན་དུ་བཀའ་འགྱུར། གཟུངས་འདུས་བརྒྱ་རྩ། རྒྱས་འབྲིང་བསྡུས་གསུམ། གྲྭ་ཏོག་གསེར་གསུམ། བཀའ་ཐང་ཁ་ཤས། ཆོས་སྐྱོང་སོ་